ཧང་གྷ་རིས་རྒྱ་ནག་དང་ར་ཤེ་ཡར་འབྲེལ་བ་བྱེད་སྟངས་ཐད་ཡོ་རོབ་སྤྱི་མཐུན་ལྷན་ཚོགས་ཀྱི་ཚོགས་གཙོས་སྐྱོན་བརྗོད་གནང་འདུག

2024.10.09
ཧང་གྷ་རིས་རྒྱ་ནག་དང་ར་ཤེ་ཡར་འབྲེལ་བ་བྱེད་སྟངས་ཐད་ཡོ་རོབ་སྤྱི་མཐུན་ལྷན་ཚོགས་ཀྱི་ཚོགས་གཙོས་སྐྱོན་བརྗོད་གནང་འདུག ཡོ་རོབ་སྤྱི་མཐུན་ལྷན་ཚོགས་ཀྱི་ཚོགས་གཙོ་ལྕམ་(Ursula von der Leyen)་ལགས་ཀྱིས་ཡོ་རོབ་གྲོས་ཚོགས་སུ་གཏམ་བཤད་གནང་བཞིན་པ། ༡༠།༠༩།༢༠༢༤
REUTERS

དེ་ཡང་འདི་ཚེས་༩རེས་གཟའ་ལྷག་པ་ཉིན་ཡོ་རོབ་སྤྱི་མཐུན་ལྷན་ཚོགས་ཀྱི་ཚོགས་གཙོ་ལྕམ་(Ursula von der Leyen)་ལགས་ཀྱིས། ཧང་གྷ་རི་རྒྱལ་ཁབ་ཀྱིས་ར་ཤེ་ཡ་དང་རྒྱ་ནག་ལ་འབྲེལ་ལམ་བྱེད་སྟངས་དེས་ཡོ་རོབ་སྤྱི་མཐུན་གྱི་བདེ་འཇགས་ལ་གནོད་འཚེ་གཏོང་གི་ཡོད་པའི་སྐྱོན་བརྗོད་གནང་བ་དང་། ཧང་གྷ་རིའི་སྲིད་འཛིན་(Victor Orban)་གྱིས་ར་ཤེ་ཡ་དང་སྦེ་ལ་ར་ཤེ་ཡའི་མི་སེར་རྣམས་ཡོ་རོབ་ནང་བསྐྱོད་ཆོག་པའི་མཐོང་ཆན་(Visa)་ཆག་ཡང་སྤྲོད་ཕྱོགས་དང་རྒྱ་ནག་གི་སྐོར་སྲུང་བ་ཧང་གྷ་རིའི་གྲོང་ཁྱེར་ཁང་ནང་སྐོར་གཡེང་བྱེད་ཆོག་བཟོས་པ། ཡོ་རོབ་སྤྱི་མཐུན་གྱི་རྒྱལ་ཁབ་གཞན་༢༧དང་མི་འདྲ་བར་ར་ཤེ་ཡའི་རྡོ་སྣུམ་ལ་ཤུགས་ཆེ་བརྟེན་པ་བཅས་པར་སྐྱོན་བརྗོད་གནང་ཡོད་པ་རེད་འདུག
ད་དུང་ཁོང་གིས། འཛམ་གླིང་ཐོག་ར་ཤེ་ཡའི་དམག་འཐབ་ཀྱི་གནས་ཚུལ་མིག་མཐོང་ར་སྤྲོད་བྱུང་ཡོད་པ་རེད། ཡིན་ནའང་མི་ཁག་ཅིག་གིས་དམག་འཐབ་འདི་བཙན་འཛུལ་བྱེད་མཁན་ལ་ཁག་དཀྲི་མ་བྱས་བར་བཙན་འཛུལ་ཕོག་མཁན་ལ་ཁག་དཀྲི་བྱེད་ཀྱི་ཡོད་པ་རེད། ད་དུང་མི་ཁག་ཅིག་གིས་དམག་འཐབ་འདི་ར་ཤེ་ཡའི་སྲིད་འཛིན་(Vladimir Putin)་གྱི་དབང་ཆའི་འདོད་རྔམས་ལ་སྐྱོན་བརྗོད་མ་བྱས་པར་ཡུཀ་རེན་གྱི་རང་དབང་གི་འདོད་པར་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད། དེ་འདྲ་སོང་ཙང་ངོས་རང་གིས་ཁོང་ཚོར་ཕྱི་ལོ་༡༩༥༦ལོར་ཨུ་རུ་སུས་ཧང་གྷ་རི་བཙན་འཛུལ་བྱས་པ་དེ་ཧང་གྷ་རི་མི་མང་གིས་ནོར་འཁྲུལ་བྱས་པ་ཡིན་ནམ་ཞེས་དྲི་བ་འདྲི་འདོད་བྱུང་ཞེས་བརྗོད་འདུག
གོང་ཞུས་ཀྱི་བཀའ་མོལ་དེར་ཧང་གྷ་རི་རྒྱལ་ཁབ་ཀྱི་སྲིད་འཛིན་(Victor Orban)་གྱིས་ལྕམ་(von der Leyen)་གྱི་བཀའ་མོལ་དེར་ཁོང་རང་ཧང་སང་སོང་ཞེས་དང་། ཕྱི་ལོ་༡༩༥༦ལོའི་ཧང་གྷ་རི་ནང་གི་ཨུ་རུ་སུར་གྱེན་ལངས་ཀྱི་གནས་ཚུལ་དེ་དང་ཡུཀ་རེན་གྱིས་རང་ས་སྲུང་སྐྱོབ་ཀྱི་གནས་ཚུལ་གཉིས་གཅིག་མཚུངས་ཆགས་ཀྱི་མེད་པའི་སྐོར་ལན་འདེབས་གནང་ཡོད་འདུག


གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༧གོང་ས་མཆོག་གིས་ཤར་རྩེ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྡོ་རྗེ་མཆོག་ལ་དགའ་ལྡན་ཁྲི་ཐོག་ ༡༠༥ པར་བསྐོ་བཞག་ཕྱག་རྟགས་བསྩལ་གནང་མཛད་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
མར་ཀོ་ རུ་བྷི་ཡོ་ ཨ་རིའི་ཕྱི་སྲིད་དྲུང་ཆེར་བསྐོ་གཞག་གནང་སྲིད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎