བོད་མིའི་ཆོས་དད་རང་དབང་ལ་རྒྱབ་སྐྱོར་གནང་རྒྱུ་ཡིན།

2016-12-07
གློག་འཕྲིན།
མཆན།
Share
པར་བཀོད།
བྷར་སེལ་བོད་ཀྱི་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་དང་བོད་དོན་ཞུ་གཏུགས་པ་ཚོ་ཡོ་རོབ་སྤྱི་མཐུན་ཚོགས་པའི་ཆོས་དད་རང་དབང་སྲུང་སྐྱོབ་ཀྱི་དམིགས་བསལ་སྐུ་ཚབ་དང་མཇལ་མོལ་སྐབས།
བྷར་སེལ་བོད་ཀྱི་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་དང་བོད་དོན་ཞུ་གཏུགས་པ་ཚོ་ཡོ་རོབ་སྤྱི་མཐུན་ཚོགས་པའི་ཆོས་དད་རང་དབང་སྲུང་སྐྱོབ་ཀྱི་དམིགས་བསལ་སྐུ་ཚབ་དང་མཇལ་མོལ་སྐབས།
tibet.net

ཡོ་རོབ་སྤྱི་མཐུན་ཚོགས་པའི་ཆོས་དད་རང་དབང་སྲུང་སྐྱོབ་ཀྱི་དམིགས་བསལ་སྐུ་ཚབ་ཀྱིས་བོད་མིའི་ཆོས་དད་རང་དབང་ལ་རྒྱབ་སྐྱོར་གནང་རྒྱུ་ནི་ཡོ་རོབ་མཐུན་ཚོགས་ཀྱི་གཞི་རྩའི་ལངས་ཕྱོགས་ཡིན་པ་གསུངས་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། བྷར་སེལ་བོད་ཀྱི་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་སྣེ་ཁྲིད་པའི་སྤྲུལ་སྐྲུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པའི་ཚ་མོ་ཉི་མ་ལྷ་མོ་ལགས་སོགས་ཀྱིས། ཡོ་རོབ་སྤྱི་མཐུན་ཚོགས་པའི་ཆོས་དད་རང་དབང་སྲུང་སྐྱོབ་ཀྱི་དམིགས་བསལ་སྐུ་ཚབ་སྐུ་ཞབས་ཇེན་ཧྥུ་གྷལ( Mr Jan Figel) མཆོག་དང་མཇལ་འཕྲད་ཞུས་ནས། བོད་ནང་བོད་མིའི་ཆོས་དད་རང་དབང་གིས་གཙོས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སོགས་ཀྱི་སྐོར་གླེང་མོལ་གནང་ཡོད་ལ། སྐབས་དེར་དམིགས་བསལ་སྐུ་ཚབ་མཆོག་གིས་བོད་མིའི་དཀའ་ངལ་རྣམས་ལ་ཐུགས་སྣང་ཆེན་པོ་གནང་ཡོད་པ་མ་ཟད། བོད་མིའི་ཆོས་དད་རང་དབང་ལ་རྒྱབ་སྐྱོར་གནང་རྒྱུ་ནི་ཡོ་རོབ་མཐུན་ཚོགས་ཀྱི་གཞི་རྩའི་བཟང་སྤྱོད་ཀྱི་ལྟ་གྲུབ་ཀྱི་ལངས་ཕྱོགས་དང་མཐུན་པ་ཞིག་ཡིན་ཞིང་། ༧གོང་ས་མཆོག་གི་ཐུགས་ཀྱིས་དྲང་བདེན་དང་རང་དབང་། འཚེ་བ་མེད་པ་སོགས་གཙིགས་ཆེར་འཛིན་གནང་མཛད་བཞིན་པའི་ཐུགས་ཀྱི་དགོངས་བཞེད་དང་ཡོ་རོབ་མཐུན་ཚོགས་ཀྱིས་འཛིན་བཞིན་པའི་འཆར་སྣང་དེ་དག་མཐུན་པོ་ཡོད་པ་དེ་སྔ་ཡོ་རོབ་མཐུན་ཚོགས་གསར་གཏོད་གནང་མཁན་སྐུ་ཞབས་ཤུ་མན་(Schuman)་མཆོག་གིས་གསུངས་པ་ལུང་འདྲེན་གནང་ནས་ཁོང་གིས་བོད་མིར་གདུང་སེམས་མཉམ་སྐྱེད་ཀྱི་རྣམ་པ་ཤུགས་ཆེ་བསྟན་འདུག
དེ་མིན་ཚེས་༦་ཉིན་ཡོ་རོབ་གྲོས་ཚོགས་ནང་དཔའ་བོ་ཞེས་པའི་བོད་ཀྱི་དངོས་བྱུང་གློག་བརྙན་བསྟན་པར་གྲོས་ཚོགས་འཐུས་མི་མང་པོ་ཕེབས་ནས་ཧ་ཅང་དོ་སྣང་ཆེན་པོ་གནང་ཡོད། བོད་ཀྱི་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ཀྱང་བོད་དོན་གློག་བརྙན་འདི་ལྟ་བུ་བརྒྱུད་ནས་ནུབ་ཕྱོགས་པ་ཚོས་བོད་མིས་རང་ལུས་མེར་སྲེག་བཏང་བའི་གནས་སྟངས་གསལ་རྟོགས་ཐུབ་རྒྱུར་ཕན་ཐོགས་ཡོང་ངེས་ཡིན་པའི་སྐོར་སོགས་གསུངས་འདུག།

གསར་འགོད་པ་རིག་ལྡན་སྒྲོལ་མ་དང་། ལྕགས་མོ་འཚོ།

མཆན། (0)
Share
དྲ་གནས་ཆ་ཚང༌།