བོད་དོན་རྒྱབ་སྐྱོར་བ་རྒྱ་གར་དབུ་ཁྲིད་ཅིག་ལ་འཚམས་འདྲི།
2012.06.26
༄༅༎རྒྱུན་རིང་ནས་བོད་དོན་ཐོག་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་གནང་མཁན་རྒྱ་གར་གཞུང་གི་བཟོ་ལས་བློན་ཆེན་མཆོག་གི་འཁྲུངས་སྐར་དང༌། ཁོང་གིས་ད་བར་ཆབ་སྲིད་ཀྱི་ཐུགས་འགན་བཞེས་ཏེ་མི་ལོ་༥༠ འཁོར་བའི་མཛད་སྒོ་ཞིག་ཚོགས་པའི་ཐོག་བཙན་བྱོལ་བོད་གཞུང་བཀའ་ཤག་དང་བོད་མི་དམངས་སྤྱི་འཐུས་ཀྱི་སྐུ་ཚབ་འཚམས་འདྲི་ཞུ་བར་ཕེབས་ཡོད་པ་རེད།
དེ་རིང་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བའི་ནང༌། ཕྱི་ཟླ་དྲུག་པའི་ཚེས་༢༣ ཉིན་རྒྱ་གར་བཟོ་ལས་བློན་ཆེན་རའ་ཇ་ལྦིར་རྦ་རྡ་རའ་སིང་མཆོག་དགུང་གྲངས་༧༨ ལ་ཕེབས་པའི་འཁྲུངས་སྐར་དང་མི་ལོ་༥༠ རིང་ཆབ་སྲིད་ཀྱི་ཐུགས་འགན་བཞེས་པའི་མཛད་སྒོ་ཞིག་སིམ་ལ་ཁུལ་དུ་ཡོད་པའི་ཁོང་གི་གཟིམ་ཤག་ཏུ་ཚོགས་ཡོད་པ་དང༌། སྐབས་དེར་བོད་མི་དམངས་སྤྱི་འཐུས་དང་བཀའ་ཤག་གི་སྐུ་ཚབ་དང༌། སིམ་ལ་ས་གནས་ཀྱི་ཚོགས་གཙོ་བཅས་བློན་ཆེན་གྱི་གཟིམ་ཤག་ཏུ་ཚོགས་པའི་མཛད་སྒོར་ཆེད་བཅར་ཞུས་ཏེ། འཚམས་འདྲིའི་མཇལ་དར་དང་ཚེ་དཔགས་མེད་ཀྱི་སྐུ་བརྙན་ཞིག་ཐུགས་རྗེ་ལེགས་འབུལ་གྱི་ཕྱག་རྟགས་སུ་ཕུལ་བ་མ་ཟད། མི་ལོ་༥༠ རིང་ཁོང་གིས་བོད་མི་ཚོར་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་གནང་བར་བཀའ་འདྲིན་རྗེས་དྲན་ཞུས་པ་རེད། ལྷག་པར་དུ་རྒྱ་གར་གཞུང་གིས། བོད་མི་བཙན་བྱོལ་བ་རྣམས་ལ་རྒྱ་གར་ཕ་ཡུལ་གཉིས་པ་ལྟ་བུའི་མཐུན་འགྱུར་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ད་ལྟའི་བོད་ནང་གི་གནས་སྟངས་ཛ་དྲག་ལ་བརྟེན་ནས་ད་བར་བོད་མི་༤༡ གིས་རང་ལུས་མེ་བསྲེག་བཏང་བའི་ནང་ནས་མི་༣༡ འདས་གྲོངས་སུ་གྱུར་བ་དང༌། མང་པོ་ཞིག་རྒྱ་མིའི་ལག་ཏུ་ཚུད་དེ་ཤི་སོན་གང་ཡིན་གསལ་པོ་ཤེས་རྟོགས་པའི་གནས་སྟངས་སྙིང་བསྡུས་ཤིག་ངོ་སྤྲོད་ཞུས་ཏེ། ད་དུང་ཡང་བློན་ཆེན་མཆོག་ནས་མུ་མཐུད་བོད་མི་དང་བོད་དོན་ལ་སྔར་བཞིན་ཐུགས་འཁུར་དང་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་ཡོད་པ་རེད། བློན་ཆེན་མཆོག་གིས་ཀྱང་དགའ་ཚོར་ཆེན་པོས། ཁྱེད་ཚོ་འདིར་ཕེབས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། གཙོ་བོ་བོད་ཀྱི་སྐྱབས་མགོན་ཏྰ་ལའི་བླ་མ་མཆོག་སྐུ་ཚེ་ཡུན་རིང་བརྟན་རྒྱུ་ཧ་ཅང་གལ་འགངས་ཆེན་པོ་ཡིན་ལ་ང་ཚོའི་ངོས་ནས་དུས་ནམ་ཡིན་ལ་བོད་པར་རྒྱབ་སྐྱོར་དང༌། བོད་པའི་རྒྱབ་ཏུ་ང་ཚོ་ཡོད་མུས་རེད་ཅེས་ལན་འདེབས་གནང་ཡོད་པ་རེད།