པེ་ཅིན་དུ་ཡོད་པའི་འཇར་མན་གྱི་གཞུང་ཚབ་ཆེན་མོ་རྒྱ་ནག་ནང་གློ་བུར་དུ་འདས་གྲོངས་སུ་ཕྱིན་པ།
རྒྱ་ནག་ནང་ཡོད་པའི་འཇར་མན་གཞུང་ཚབ་ཁང་གིས་གཞུང་ཚབ་ལས་ཁང་དེའི་སྤྱི་ཚོགས་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་ཡོད་པའི་ནང་། ད་ལོ་དགུང་གྲངས་༥༤ཕེབས་པའི་ འཇར་མན་གྱི་སྲིད་བློན་ Angela Merkel གྱི་ཕྱི་འབྲེལ་སྲིད་བྱུས་སློབ་སྟོན་པ་ Jan Hecker པེ་ཅིན་ནང་ཡོད་པའི་འཇར་མན་གྱི་གཞུང་ཚབ་ཆེན་མོའི་ཐུགས་འགན་བཞེས་ནས་ད་ལོ་ཕྱི་ཟླ་བརྒྱད་པའི་ཚེས་༢༤དངོས་སུ་ལས་གནས་སུ་ཕེབས་ཡོད་པ་དང་། ཡིན་ནའི་ཁོང་གིས་གཞུང་ཚབ་ཆེན་མོའི་ལས་གནས་ལས་དུས་ཡུན་གཟའ་འཁོར་གཉིས་ཙམ་ལས་འགྲོ་གི་མེད་པ་དང་། ཕྱི་ཚེས་ ༦ ཉིན་གཞུང་ཚབ་ཆེན་མོ་གློ་བུར་དུ་འདས་གྲོངས་སུ་ཕེབས་པ་གནས་ཚུལ་བྱུང་བར་ང་ཚོར་སེམས་སྡུག་ཧ་ཅང་ཆེན་པོ་བྱུང་ཅེས་གནས་ཚུལ་སྤེལ་ཡོད་པ་རེད་། ཡིན་ནའི་གཞུང་ཚབ་ཆེན་མོ་ Jan Hecker འདས་གྲོངས་སུ་ཕེབས་པའི་གནས་སྟངས་དང་རྒྱུ་རྐྱེན་གང་འདྲ་ཞིག་གི་འོག་ནས་ཡིན་མིན་སོགས་གནས་ཚུལ་གང་ཡང་ཁ་གསལ་བརྗོད་མེད་པ་མ་ཟད་། གཞུང་ཚབ་ལས་ཁང་གི་མགྲིན་ཚབ་པས་ཀྱང་གནས་ཚུལ་དེའི་ཐད་རོས་ཁྲར་གསར་འགྱུར་བརྒྱུད་ལམ་གྱི་བཅའ་དྲིར་ལན་འདེབས་ཁ་གསལ་གང་ཡང་གནང་མེད་པ་རེད་། གཞུང་ཚབ་ཆེན་མོ་དང་འབྲེལ་ཡོད་མི་སྣ་ཞིག་གིས་གཟའ་འཁོར་སྔོན་མའི་གཟའ་པ་སངས་ཉིན་གཞུང་ཚབ་ཆེན་མོ་ Jan Hecker ཡིས་ཁོང་གི་གཟིམས་བཤག་ཏུ་འཇར་མན་གྱི་སྒྱུ་རྩལ་བ་ Joseph Beuys ཆེད་གསོལ་སྟོན་གྱི་ལས་རིམ་ཞིག་གོ་སྒྲིག་གནང་བ་དང་དེའི་སྐབས་ཁོང་ཧ་ཅང་གི་དགའ་སྣང་ཆེན་པོ་དང་བདེ་ཐང་གི་རྣམ་པ་ཞིག་མཐོང་བྱུང་ཞེས་རུས་ཁྲར་གསར་འགྱུར་བརྒྱུད་ལམ་ལ་འགྲེལ་བརྗོད་བྱས་འདུག
ཁོང་ནི་འཇར་མན་གྱི་རྒྱ་ནག་ཏུ་བསྐོས་བཞག་བྱེད་པའི་གཞུང་ཚབ་པ་ཨང་ ༡༤ པ་དེ་ཡིན་པ་དང་སྤྱི་ལོ་ ༢༠༡༧ ལོར་ནས་འཇར་མན་གྱི་སྲིད་བློན་ཅམ་ཨེ་ཇེ་མེ་ཀེ་མཆོག་གི་ཕྱི་སྲིད་དང་བདེ་འཇགས་ཐོག་གི་སློབ་བསྟོན་པ་གནང་འདུག ཁོང་གིས་རྒྱ་ནག་གི་ལས་དོན་འགོ་འཛུགས་ཀྱི་སྐབས་སུ་དམིགས་ཡུལ་གཙོ་བོ་རྒྱ་ནག་དང་འཇར་མན་ཡུལ་གཉིས་ཀྱི་འབྲེལ་ལམ་སྲ་བརྟན་གཏོང་ནས་ཡུན་རིང་གནས་ཐབས་དང་དེ་བཞིན་ཡུལ་གཉིས་ཀྱིས་གྲོས་མོལ་དང་མཉལ་ལས་ཐོག་དེ་བའི་རྒྱ་བསྐྱེད་གོང་འཕེལ་གཏོང་ཐབས་ལ་འབད་རྒྱུ་ཡིན་པ་དེ་སྔོན་གཞུང་ཚབ་ཀྱི་དྲ་རྒྱ་ཐོག་འཁོད་ཡོད་པ་རེད།
ལྕམ་ཨེ་ཇི་མེ་ཀེ་མཆོག་གིས་དེ་རིང་གཟའ་ཟླ་བ་ཉིན་གཞུང་ཚབ་ཆེན་མོ་Jan Hecker འདས་གྲོངས་སུ་ཕྱིན་པར་དཔེ་མེད་བློ་ཕམ་བྱུང་ཞེས་དང་ཁོང་དང་ལྷན་དུ་ལོ་མང་རིང་མཉམ་ལས་བྱེད་རྒྱུ་བྱུང་བ་དགའ་སྤོབས་དང་ཁོང་ནི་མི་གཤིས་བཟང་ལ་མཁྱེན་རྒྱ་ཡངས་པ་ཞིག་རེད་དེ་རིང་ངས་ཁོང་གི་ནང་མི་བུ་ཕྲུག་ལྷན་རྒྱས་ལ་སེམས་གཏིང་ནས་མྱ་ངན་གུས་འདུན་ཞུ་བཞིན་ཡོད་ཅེས་བརྗོད་འདུག