༸གོང་ས་མཆོག་གནས་མཆོག་རྡོ་རྗེ་གདན་དུ་ཞབས་སོར་བདེ་བར་འཁོད་པ།

2023.12.15
༸གོང་ས་མཆོག་གནས་མཆོག་རྡོ་རྗེ་གདན་དུ་ཞབས་སོར་བདེ་བར་འཁོད་པ། ༸གོང་ས་མཆོག་གནས་མཆོག་རྡོ་རྗེ་གདན་དུ་ཞབས་སོར་འཁོད་སྐབས། ༢༠༢༣།༡༢།༡༥ ཉིན།
OHHDL

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རྒྱ་གར་བྱང་ཤར་སྒང་ཏོག་དང་ས་ལུ་སྒར་གཉིས་སུ་ཆོས་འབྲེལ་མཛད་འཆར་ཁག་ལེགས་གྲུབ་རྗེས། འདི་ཚེས་ ༡༥ ཉིན་ནུབ་བྷང་གྷལ་བྷག་ཌོ་ར་གནམ་ཐང་ནས་མཁའ་ལམ་བརྒྱུད། འཕགས་ཡུལ་གནས་མཆོག་རྡོ་རྗེ་གདན་དུ་ཞབས་སོར་བདེ་བར་འཁོད་གནང་སོང་བ་དང་། སྐབས་དེར་དད་ལྡན་སེར་སྐྱ་མིང་མང་རྣམས་ནས་ཕྱག་ཏུ་མེ་ཏོག་དང་བདུག་སྤོས་མཇལ་དར་སོགས་བསྣམས་ཏེ་མགོན་པོ་གང་ཉིད་ལ་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ཕེབས་བསུ་ཟབ་རྒྱས་ཞུས་ཡོད་པ་རེད། 

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་སྒྱུར་དང་འབྲེལ་བའི་མཛད་འཆར་སྐོར་ལ། རྡོ་རྗེ་གདན་དུ་རྟེན་གཞི་བྱས་པའི་༸སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་འགན་འཛིན་དགེ་བཤེས་བསྟན་འཛིན་དཀོན་མཆོག་ལགས་ནས་འདི་ག་རླུང་འཕྲིན་ཁང་ངོ་སྤྲོད་གནང་དོན། ༸གོང་ས་མཆོག་གི་རྡོ་རྗེ་གདན་དུ་མཛད་འཆར་གཙོ་བོ་ལོ་ལྟར་བཞིན་གསུང་ཆོས་གནང་བཞིན་ཡོད་པ་ལྟར་དད་ལྡན་མི་མང་ལ་བཀའ་ཆོས་བསྩལ་རྒྱུ་དང་། པ་ལི་ཆོས་བརྒྱུད་འཛིན་པ་དང་ལེགས་སྦྱར་ཆོས་བརྒྱུད་འཛིན་པའི་དབར་འདུལ་བ་སོགས་ཀྱི་བགྲོ་གླེང་ཉིན་བཞིའི་རིང་ཚོགས་འཆར་ཡོད་པའི་སྟེང་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱང་རྒྱུ་དང་། དགེ་ཚུལ་སློང་གི་བསྙན་རྫོགས་སྒྲུབ་རྒྱུ་སོགས་ཡིན་སྐོར་འགྲེལ་བརྗོད་གནང་བྱུང་།

ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་དུ་ཞབས་སོར་འཁོད་པར། སིང་གྷ་པུར་ནས་ཡིན་པ་ཇེ་མི་ཞེས་པའི་བུད་མེད་ཅིག་ནས། ང་རང་སིང་གྷ་པུར་དུ་ཡོད་པའི་དགའ་ལྡན་ཤར་རྩེ་འགྲོ་ཕན་གླིང་ཆོས་ཚོགས་ནས་མི་གྲངས་ ༣༢ མཉམ་དུ་རྡོ་རྗེ་གདན་དུ་གནས་མཇལ་ལ་ཡོང་བ་ཡིན་ལ། ད་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ས་གནས་སུ་ཞབས་སོར་འཁོད་ཀྱི་ཡོད་པས་སྤྲོ་སེམས་འཁོལ་བའི་ངང་མགོན་པོ་གང་ཉིད་ལ་ཕེབས་བསུ་ཞུ་རྒྱུའི་གོ་སྐབས་བྱུང་བར་དགའ་པོ་བྱུང་བ་མ་ཟད། མགོན་པོ་གང་ཉིད་མཆོག་མཇལ་རྒྱུའི་གོ་སྐབས་དང་རིང་མིན་གང་ཉིད་ཀྱི་སྐུ་མདུན་ནས་གསུང་ཆོས་ཞུ་རྒྱུའི་དུས་སྐབས་བྱུང་བར་བསྐལ་པ་བཟང་པོ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་ཅེས་གསུངས་གནང་བྱུང་།

དེ་བཞིན་ཨ་རུ་ནཱ་ཅལ་འབུལ་སྡེ་ལ་ནས་ཡིན་པ་རྡོ་རྗེ་ལགས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་གནས་མཆོག་རྡོ་རྗེ་གདན་དུ་ཞབས་སོར་འཁོད་གནང་བར་དགའ་སྤྲོ་སྐྱེས་བྱུང་ལ། བོད་མི་ཚོས་གནས་རྩ་ཆེན་ཁག་ལ་མཇལ་སྐོར་གནང་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཁྲི་ཕྲག་བརྟན་པའི་སྨོན་ལམ་བརྒྱབ་རོགས་ཞེས་བརྗོད་བྱུང་ལ། ཡང་དགུང་ལོ་ ༨༠ ཡིན་པ་ཨ་མ་ཚེ་རིང་བདེ་སྐྱིད་ལགས་ནས་གནས་རྩ་ཆེན་པོ་འདི་འདྲ་ནས་༸གོང་ས་མཆོག་དངོས་སུ་མཇལ་རྒྱུའི་གོ་སྐབས་བྱུང་བར་བསྐལ་བ་བཟང་པོ་དང་། ང་རང་བསོད་ནམས་ཆེན་པོ་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་པ་སོགས་བརྗོད་བྱུང་།

In between.jpg

བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས། རྒྱ་གར་བྱང་ཤར་སྒང་ཏོག་ཏུ་རྒྱལ་སྲས་ཐོགས་མེད་བཟང་པོས་་མཛད་པའི་ལག་ལེན་སོ་བདུན་མའི་གསུང་ཆོས་སོགས་ཀྱི་མཛད་འཆར་དང་། དེ་བཞིན་རྒྱ་གར་ནུབ་བྷང་གྷལ་མངའ་སྡེའི་ས་ལུ་སྒར་སྲས་རྒྱུད་གྲྭ་ཚང་དུ་སེམས་བསྐྱེད་ཀྱི་བཀའ་ཆོས་སོགས་ཀྱི་མཛད་འཆར་བསྐྱངས་གནང་ཡོད་པ་རེད།

གསར་འགོད་པ། པདྨ་དངོས་གྲུབ།  
རྩོམ་སྒྲིག་པ།  ཡེ་ཤེས་ཟླ་བ། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་སྲུང་ཟུར་པ་༢༨༠ལྷག་ལ་མཇལ་ཁ་སྩལ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་གསང་བའི་ལས་ཁུངས་ཀྱིས་དེ་སྔ་བོད་དམག་ཚོར་གསང་བའི་དམག་སྦྱོང་སྤྲོད་ཡུལ་དངོས་རྩད་ཆོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎