འཛམ་གླིང་ཞི་བདེ་ཆེད་ཆོས་ལུགས་རིས་མེད་ཀྱི་བསྔོ་སྨོན།


2013-11-23
Share
Photo: RFA

༄༅༎ཁ་སང་ཕྱི་ཚེས་ ༢༢ ཉིན། བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཉེ་ཧོང་གི་ཤི་ཛུ་ཀའི་ས་གནས་ཉེ་ཧོང་རྡཡི་ར་ཞེས་པར་ཚུགས་པའི་འཛམ་གླིང་ཞི་བདེའི་ཆེད་ཆོས་ལུགས་རིས་མེད་ཀྱི་བསྔོ་སྨོན་གསོལ་འདེབས་ཀྱི་དབུ་མགོན་དུ་ཞབས་སོར་འཁོད་གནང་མཛད་འདུག།
གསོལ་འདེབས་ཀྱི་ལས་འགུལ་དེ་བཞིན་བོད་སྐྱོབ་འབྲེལ་འཐུད་ཚོགས་པ་དང་། ཉེ་ཧོང་༧སྐུ་ཚབ་དོན་གཅོད་ཐོུང་ནས་གོ་བསྒྲིགས་ཞུས་པ་ཞིག་ཡིན་འདུག་ཅིང་། མཛད་སྒོ་དེའི་ཐོག་ཉེ་ཧོང་གི་གདོད་མའི་ཆོས་ལུགས་ཤིན་ཏོ་དང་ནང་པ་། ཡེ་ཤུ་དང་ཁ་ཆེའི་ཆོས་ལུགས་སོགས་ཀྱི་སྐུ་ཚབ་རྣམ་པས་རང་རང་སོ་སོའི་ལུགས་ཀྱི་ཐོག་ནས་ཐུགས་སྨོན་གསོལ་འདེབས་གནང་འདུག།

 

ཉེ་ཧོང་རྡཡི་ར་ཞེས་པའི་ས་གནས་དེའི་མིང་གི་གོ་དོན་ནི་ཉེ་ཧོང་ཞི་བདེར་འགྱུར་བ་ཞེས་པ་ཡིན་འདུག་པ་དང་། ཆོས་ལུགས་རིས་མེད་ཀྱི་ཐུགས་སྨོན་གསོལ་འདེབས་གནང་ཡུལ་གྱི་རྒྱབ་ལྗོངས་སུ་ཉེ་ཧོང་གི་གངས་རི་མཐོ་ཤོས་ཕྷུ་ཇི་གསལ་པོར་མཐོང་རྒྱུ་ཡོད་འདུག། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེ་ཕྱོགས་སུ་འདུས་པའི་མི་ཆིག་སྟོང་ལྷག་ལ་བཀའ་སློབ་བསྩལ་བའི་ནང་། ང་ཚོ་འདིར་འཛོམས་ཏེ་འཛམ་གླིང་འདིའི་སྟེང་ཞི་བདེ་ཡོང་བ་དང་། སེམས་ཅན་ཐམས་ཅད་ལ་བདེ་སྐྱིད་འབྱུང་བའི་ཆེད་སྨོན་ལམ་བརྒྱབ་ཡོད། བདེ་སྐྱིད་ཀྱི་རྩ་བ་ནི་ཞི་བདེ་ཡིན་ཞེས་དང་། འཛམ་གླིང་ནང་གི་ཆོས་ལུགས་ཆེ་ཁག་ཚང་མའི་ཐོུང་གི་བསླབ་བྱ་ནི་བྱམས་པ་དང་སྙིང་རྗེ། བཟོད་པ་དང་ཚུལ་ཁྲིམས་སོགས་ཡིན་པས་ལྟ་གྲུབ་ཀྱི་ཆ་ནས་མི་མཐུན་པའི་ཕྱོགས་དེ་དག་ཟུར་འཇོག་གིས་ཆོས་ལུགས་མི་འདྲ་བ་དེ་དག་གི་དབར་མཛའ་མཐུན་གོང་འཕེལ་གཏོང་ཐབས་སུ་མཐུན་པའི་ཆ་དེ་དག་འཕེལ་རྒྱས་གཏོང་ཐབས་བྱེད་དགོས་པའི་བཀའ་སློབ་ཕེབས་ཡོད་པ་རེད།

ད་དུང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མི་ཐེར་འབུམ་བདུན་ཙམ་ཡོད་པའི་འཛམ་གླིང་འདིའི་ནང་རྙོག་ཁྲ་དང་དཀའ་ངལ་རྫོགས་རྒྱུ་མེད་པ་ཞིག་ཡོང་བཞིན་པའི་རྐྱེན་གཙོ་བོ་ནི་ཡ་རབས་སྤྱོད་བཟང་གི་བླང་དོར་གྱི་ལམ་དང་དྲང་བདེན་གྱི་ཕོངས་པ་དེ་ཡིན་པ་བཀའ་གནང་ཡོད་པ་རེད།

 

ཆོས་ལུགས་རིས་མེད་ཀྱི་ཐུགས་སྨོན་གསོལ་འདེབས་གནང་ཡུལ་གྱི་རྒྱབ་ལྗོངས་སུ་ཉེ་ཧོང་གི་གངས་རི་མཐོ་ཤོས་ཕྷུ་ཇི་གསལ་པོར་མཐོང་རྒྱུ་ཡོད་འདུག།

་                                                                                      གསར་འགོད་པ་སྐལ་ལྡན་བློ་གྲོས།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།