རྒྱལ་སྤྱིའི་འབྲེལ་ལམ་ཁྱབ་སྤེལ་གཏོང་ཕྱོགས་ཀྱི་ཚོཊ་འདུ་ཞིག་བོད་ནང་འཚོགས་པ་འདི་ནི་རྒྱ་ནག་གི་ངོ་བོ་སྲུང་ཐབས་ལ་དམིགས་པ་ཡིན་སྐོར་ཉམས་ཞིབ་པས་གསུང་གི་འདུག
ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༡༦ རེས་གཟའ་མིག་དམར་ཉིན་བོད་ཀྱི་རྒྱལ་ས་ལྷ་སར་གསར་འགྱུར་ལས་རིགས་པ་དང་། མཁས་ལས་པ། ཉམས་ཞིབ་པ་དང་དྲ་ཐོག་མི་སྣ་སྐད་གྲགས་ཅན་སོགས་༣༠༠ལྷག་ལྷན་ཞུགས་ཀྱིས། རྒྱ་ནག་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་དྲིལ་བསྒྲགས་པུའུ་ཟེར་བ་དང་། བོད་ལྗོངས་རྒྱལ་སྤྱིའི་འབྲེལ་ལམ་ལྟེ་གནས་ཟེར་བ་གཉིས་ཀྱི་གོ་སྒྲིག་འོག་བོད་ལྗོངས་རྒྱལ་སྤྱིའི་འབྲེལ་ལམ་ཁྱབ་སྤེལ་ཚོགས་ཆེན་ཐེངས་གཉིས་པ་དེ་འཚོགས་ཡོད་པ་རེད།
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་དགྲ་ལྷ་ལགས་ཀྱིས། ཚོགས་ཆེན་དེའི་དམིགས་ཡུལ་གཙོ་བོ་ནི། རྒྱ་ནག་གཞུང་གིས་མི་མང་སྐྱེད་སྲིང་གིས་རྒྱ་ནག་རང་གི་འདོད་མོས་དང་མཐུན་པའི་གླེང་ཕྱོགས་རྣམས་སྤྱི་ཚོགས་དྲྭ་ལམ་ཐོག་ནས་དྲིལ་བསྒྲགས་ཀྱི་ནུས་པ་ཤུགས་ཆེ་རུ་བཏང་སྟེ། བོད་ནང་ཡར་རྒྱས་ཀྱི་རྣམ་པ་ཕྱི་ལ་སྟོན་ཏེ་རྒྱ་ནག་གི་ངོ་བོ་སྲུང་ཐབས་བྱ་རྒྱུ་དེ་ཡིན་པ་གསུངས་བྱུང་། ཁོང་གིས་ད་དུང་། རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་པ་ནས་བཟུང་འདས་མ་འོངས་ད་ལྟ་གསུམ་ཀར་བོད་ཀྱི་ལོ་རྒྱུས་དང་སྤྱི་ཚོགས་སོགས་སུ་འཁྱོག་བཤད་སྤེལ་ཡོད་པ་དང་། གྲུབ་འབྲས་སུ་དེ་ལས་ལྡོག་སྟེ་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་བོད་དོན་ལ་རྒྱབ་སྐྱོར་དང་བོད་ཀྱི་གནད་དོན་ལ་གདུང་སེམས་མཉམ་སྐྱེད་གནང་མཁན་མང་དུ་འགྲོ་བཞིན་ཡོད་པ་རེད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
དེ་ཡང་ (South China Morning Post) ནང་གནས་ཚུལ་བཀོད་པ་ལྟར་ན། ཚོགས་འདུའི་ཐོག་རྒྱ་ནག་གི་རྒྱལ་སྤྱིའི་འབྲེལ་མཐུད་ཚོགས་པ་ (China International Communications Group) ཡི་ཨ་རིའི་བརྒྱུད་ལམ་ཆེད་ལས་མི་སྣ་ (Zachary Lundquist) ཡིས། རྒྱ་ནག་གཞུང་ཕྱོགས་ནས་དེང་གི་དུས་སུ་བོད་ཀྱི་སྣང་བརྙན་བསྐྲུན་བཞིན་པ་དེའི་བར་ཆད་ཆེ་ཤོས་ནི། ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ཆབ་སྲིད་ཀྱི་འགོག་རྐྱེན་མིན་ཏེ། འགོག་རྐྱེན་གཙོ་བོ་མངོན་གསལ་མེད་པའི་འཕྲུལ་ཆས་ཀྱི་རྒྱུད་སྦྱོར་ (AI algorithm ) དེ་རེད་ཅེས་བརྗོད་དེ། འགོག་རྐྱེན་དེ་སེལ་ཆེད་དུ་རྒྱ་ནག་གི་གསར་འགྱུར་ལས་ཁང་དང་བརྒྱུད་ལམ་ཆེད་ལས་པ་རྣམས་ཀྱིས། དྲྭ་ཐོག་ཏུ་དམིགས་བསལ་དོ་སྣང་བྱེད་མཁན་གྱི་ཚོགས་སྒེར་ཁག་ལ་རྟོག་ཞིབ་ཀྱིས་དེ་དག་ལ་དམིགས་པའི་ནང་དོན་འཆར་འགོད་བྱ་དགོས་ཏེ། དཔེར་ན་རིག་གཞུང་ལ་དོ་སྣང་ཡོད་མཁན་ཚོར་ཐང་ཀའི་སྒྱུ་རྩལ་དང་རིག་གནས་ཤུལ་བཞག་སོགས་ཀྱི་ཐོག་སྐུལ་མ་དང་། ཆབ་དཔལ་ལ་དོ་སྣང་ཡོད་མཁན་ཚོར་འཛུགས་སྐྲུན་ཡར་རྒྱས་དང་ཡུལ་སྐོར་སྤྲོ་འཆམ་འཕེལ་རྒྱས་སྐོར། ཡང་དོགས་པ་བྱེད་མཁན་ཚོར་དོན་དངོས་དང་མཐུན་པའི་སྒོ་ནས་ལན་འདེབས་དགོས་པ་རེད་ཅེས་བརྗོད་འདུག
མ་ཟད་བོད་ནང་གི་བཅའ་སྡོད་སློབ་གྲྭ་སོགས་ཤེས་ཡོན་སྲིད་བྱུས་སོགས་ལེགས་གྲུབ་ཀྱི་གཏམ་རྒྱུད་དེ་དག་རྒྱལ་སྤྱིའི་ཐོག་འདྲ་མཉམ་དང་བྱིས་པའི་གཞི་རྩའི་རང་དབང་སོག་ཀྱི་ཐད་སེམས་ཁུར་བྱེད་མཁན་གྱི་ཞིབ་འཇུག་པ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལ་ཁ་ཕྱོགས་དགོས་པ་ལས། སྤྱིར་བཏང་མི་མང་ལ་གོ་རྟོགས་སྤེལ་དགོས་དོན་མེད་པ་རེད་ཅེས་རྒྱ་ནག་གཞུང་གི་འདོད་ཚུལ་དང་མཐུན་པའི་དྲིལ་བསྒྲགས་བྱེད་ཕྱོགས་གླེང་འདུག
རྒྱ་ནག་གི་འཐབ་ཕྱོགས་གཅིག་འགྱུར་ལས་ཁང་གི་འོག་ཏུ་ཚུད་པའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ཡི་སྤྱི་ཁྱབ་རྩོམ་སྒྲིག་པ་ (Yang Dezhi) ཡིས། དེ་སྔ་ཕྱིའི་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་དགའ་པོ་བྱེད་ཀྱི་ཡོད་ཀྱང་། ད་ལྟའི་ཆར་ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་བོད་ཀྱི་གནད་དོན་ཐད་ཕྱོགས་ལྷུང་གི་ལངས་ཕྱོགས་འཛིན་ཏེ་རྒྱ་ནག་ལ་གནོན་ཤུགས་སྤྲོད་བཞིན་ཡོད་ལ། བོད་དང་འབྲེལ་བའི་མང་ཚོགས་ཀྱི་བསམ་ཚུལ་ཐད་གནས་སྟངས་ཇེ་སྡུག་དང་ཇེ་རྙོག་ཏུ་འགྲོ་བཞིན་ཡོད་པ་སེམས་ཚབས་གསལ་སྟོན་གྱི་ཚུལ་དུ་བརྗོད་འདུག
ཐེངས་འདིའི་ཚོགས་ཆེན་དེ་བཞིན་བོད་ཀྱི་རྒྱལ་ས་ལྷ་སར་ཚོགས་པའི་གནད་འགག་ཆེན་པོ་ཡོད་པ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཕན་ཐོགས་ལགས་ཀྱིས་གསུང་གི་འདུག དེ་ཡང་ཁོང་གིས། ཐེངས་འདིའི་ཚོགས་འདུ་ལྷ་སར་འཚོགས་པ་དེ་ཡང་། ལྷ་ས་ནི་བོད་ཀྱི་རྒྱལ་ས་དང་ལྟེ་གནས་གལ་ཆེན་ཞིག་ཆགས་ཀྱི་ཡོད་པར་བརྟེན་ཚོགས་འདུའི་ཐོག་གི་ཚོགས་བཅར་བ་རྣམས་ལྷ་སའི་ཉེ་འཁོར་གྱི་ས་ཁུལ་ཏེ། རྒྱ་ནག་གཞུང་གིས་བསྟན་འདོད་ས་རྣམས་སུ་ཁྲིད་དེ། རྒྱལ་སྤྱིའི་སྤྱི་ཚོགས་སུ་སྣང་བཞིན་པའི་བོད་དང་དངོས་ཡོད་བོད་ཀྱི་གནས་སྟངས་དེ་གཅིག་མཚུངས་མིན་པའི་རྣམ་པ་བསྐྲུན་ཆེད་དུ་ཡིན་ཞེས་དང་། རྒྱ་ནག་གཞུང་གིས་བོད་དང་རྒྱ་ནག་ནང་བོད་དང་འབྲེལ་བའི་རྒྱལ་སྤྱིའི་ཚོགས་འདུ་མང་པོ་ཚོགས་དོན་ནི། ཕྱི་ལོ་ ༢༠༠༨ ལོར་པེ་ཅིན་ཨོ་ལོམ་པིཀསི་རྩེད་འགྲན་ཚོགས་སྐབས་བོད་ས་ཡོངས་ལ་ཞི་རྒོལ་ཆེན་པོ་བྱུང་བ་དེས། བོད་ནང་གི་དངོས་ཡོད་གནས་སྟངས་རྒྱལ་སྤྱིའི་ནང་ཐོན་པར་སོང་། དུས་དེ་ནས་བཟུང་རྒྱ་ནག་གཞུང་ངོ་གནོངས་དགོས་པ་ཞེ་དྲགས་ཆགས་ཏེ་ཕྱིའི་རྒྱལ་ཁབ་ཁག་ཏུ་བོད་དོན་དང་འབྲེལ་བའི་གནད་དོན་ལ་འཁྱོག་བཤད་བྱེད་འགོ་བརྩམས་ཡོད་པ་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།
རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་ལ་འཁྱོག་བཤད་དང་འབྲེལ་དེ་སྔ་བོད་ལ་ (Xizang) ཞེས་དབྱིན་ཡིག་ནང་དུའང་མིང་བརྗེ་བསྒྱུར་གྱི་སྲིད་བྱུས་ཤིག་སྤེལ་ཡོད་ལ། དེ་འབྲེལ་ཧྥ་རན་སིའི་རྒྱལ་ས་པེ་རི་སིའི་འགྲེམས་སྟོན་ཁང་ (Musée Quai Branly) འགྲེམས་སྟོན་ཁང་གིས་བོད་ཀྱི་དངོས་རྫས་དཀར་ཆག་ནང་། བོད་ཅེས་པའི་ཚབ་ཏུ་ཤི་ཙང་རང་སྐྱོང་ལྗོངས་ (Xizang Autonomous Region) ཟེར་བའི་ཐ་སྙད་བེད་སྤྱོད་བྱས་པ་རྗེས་སུ་འགྱུར་བ་བཏང་ཡོད་པ་དང་། དེ་བཞིན་གྷུའི་མེཊི་ (musée Guimet) འགྲེམས་སྟོན་ཁང་གིས་བོད་ཀྱི་འགྲེམས་སྟོན་ཁང་གི་ཚབ་ཏུ་ཧི་མ་ལ་ཡའི་འཇིག་རྟེན་ (Himalayan World) ཟེར་བ་སོགས་མིང་གསར་པ་བཏགས་པ་མདོར་ན་རྒྱ་ནག་གཞུང་གི་ཤུགས་རྐྱེན་ཡོད་པ་འགྲེལ་བརྗོད་བྱེད་མཁན་བྱུང་ཡོད་ལ། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་འགྲེམས་སྟོན་ཁང་དེ་གཉིས་ཀྱི་མདུན་དུ་ངོ་རྒོལ་གྱི་ལས་འགུལ་བསྟུད་མར་སྤེལ་ཡོད་པ་རེད། དེ་འབྲེལ་བོད་གནས་མཁས་དབང་ཁག་ཅིག་གིས་ཀྱང་། རྒྱ་ནག་གཞུང་གིས་བོད་ཀྱི་དབྱིན་ཡིག་མིང་ཚིག་ (Tibet) འདི་ཉིད་རྒྱ་སྐད་ཐོག་སྤྱོད་བཞིན་པའི་ཐ་སྙད་ (Xizang) ཞེས་དབྱིན་ཡིག་ནང་དུའང་བརྗེ་བསྒྱུར་བྱེད་བཞིན་པ་ནི་བོད་ཀྱི་ངོ་བོ་དང་། རིག་གཞུང་། ལོ་རྒྱུས་དང་བཅས་པ་རྩ་མེད་བཟོ་བའི་ཐབས་བྱུས་ཤིག་ཡིན་པའི་དཔྱད་རྩོམ་ཡང་རིམ་པར་སྤེལ་ཡོད་པ་རེད།།
བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
