སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་བརྒྱུད་ནང་བསྟན་གྱི་མཁས་དབང་རོ་བྷཊི་ཐར་མན་ (Robert Thurman) ལགས་དགོངས་པ་རྫོགས་པར་ཐུགས་ཕམ་ཆེན་པོ་བྱུང་ཞེས་ཁོང་གི་སྐུ་ཟླ་ནི་ནཱ་ཐར་མན་དང་ནང་མིར་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་བའི་ནང་གསུངས་འདུག
༧གོང་ས་མཆོག་གིས་སྦོབ་ཐར་མན་ནི་ང་ཚོའི་ཡུན་རིང་གི་གྲོགས་པོའི་འབྲེལ་བ་ཞིག་ཡོད་པ་ཐུགས་དྲན་གསོ་གནང་སྐབས་༧གོང་ས་མཆོག་གིས་ཐར་མན་དང་ཐོག་མར་རྒྱ་གར་དུ་ ༡༩༦༠ ལོ་མཇུག་ཏུ་ངོ་ཤེས་བྱུང་པ་དང་། ཐར་མན་ལགས་ནི་བོད་ཀྱི་སྐད་ཡིག་ལ་མཁས་ཤིང་ཁྱད་དུ་འཕགས་པའི་ཤེས་བྱ་ལྡན་པའི་ནང་པའི་མཁས་པ་གྲགས་ཅན་ཞིག་ཡིན་པ་དང་།
༧གོང་ས་མཆོག་གིས་ཐར་མན་གྱིས་ཁོང་གིས་རྩོམ་ཡིག་དང་སློབ་འཁྲིད། གསུང་བཤད་བཅས་ཀྱི་བརྒྱུད་ནས་ནང་ཆོས་ཀྱི་སློབ་མ་ཙམ་མ་ཟད་འཛམ་གླིང་ཡོངས་ལ་ཁྱབ་བསྒྲགས་བྱེད་པར་ཁོང་གི་མི་ཚེ་ཧྲིལ་པོ་བཏང་ཡོད་ཅེས་ཐར་མན་གྱིས་བོད་ཀྱི་ནང་པའི་རིག་གནས་ཀྱི་འཚོ་གནས་དང་བོད་ཀྱི་མ་འོངས་པའི་འབྲེལ་བ་དམ་ཟབ་ལ་གོ་རྟོགས་གཏིང་ཟབ་ཡོད་པའི་སྐོར་ལ་རྗེས་དྲན་མཛད་འདུག
༧གོང་ས་མཆོག་གི་གསུང་འཕྲིན་བཀའ་ཡིག་ནང་ད་དུང་། སྦོབ་ཐར་མན་དམ་པ་ཁོང་གིས་མི་ཚེ་དོན་དང་ལྡན་པ་ངང་བསྐྱལ་ཡོད་ཅིང་། མ་འོངས་བོད་བརྒྱུད་ནང་བསྟན་གྱི་སློབ་མ་རྣམས་ལ་སེམས་འགུལ་ཐེབས་པའི་བྱེད་རྗེས་བཞག་ཡོད་པ་དང་། སྐུ་ཚེ་ཧྲིལ་པོར་འགྲོ་བ་མིའི་བདེ་ཐབས་ལ་ཞབས་ཞུ་གྲུབ་པའི་དགེ་བའི་མཐུ་ལས་ཚེ་རབས་མང་པོར་འབྲས་བུ་བཟང་པོ་སྨིན་ངེས་ཡིན་ཞེས་བཀའ་སྩལ་འདུག

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྦོབ་ཐར་མན་ཁོང་ནི་ནང་དོན་རིག་པའི་གནས་ལ་མཁས་པ་ཞིག་ཡིན་པའི་ཆ་ནས་མཁྱེན་རྒྱ་གཟབ་པོ་ཡོད་པར་བསྔགས་བརྗོད་གནང་འདུག་ལ། བོད་ཀྱི་སྐད་ཡིག་ལའང་བྱང་ཆུབ་པ་ཞིག་ཡིན་པ་མ་ཟད། རང་ཉིད་ཀྱི་ཆེད་ལས་ཐོག་ནས་སྐུ་ཚེ་ཧྲིལ་པོར་གཞན་ལ་ཤེས་ཡོན་བརྒྱུད་སྤེལ་དང་། རྩོམ་རྩལ་དང་སློབ་སྟོན་གྱི་ལམ་ནས་རང་ཉིད་ཀྱི་སློབ་ཕྲུག་ཙམ་མིན་པར་རྒྱ་ཆེ་ས་ནས་འཛམ་གླིང་ཀུན་ལ་ཕན་ཐོགས་ཆེན་པོ་གྲུབ་ཡོད་ཅེས་བཀའ་སྩལ་འདུག
སྤྱིར་རོ་བྷཊི་ཐར་མན་ལགས་ཀྱིས་བོད་མིའི་བདེ་དོན་གྱི་ཆེད་འདུ་འཛོམས་ཆེ་ཁག་དང་གོ་སྐབས་ནམ་བྱུང་ལ་འབོད་སྐུལ་རིམ་པར་གནང་ཡོད་ལ། དཔེ་ན་ཕྱི་ལོ་ ༢༠༡༧ ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ཁེ་ལི་ཧྥོར་ནི་ཡར་ཆིབས་སྒྱུར་གྱི་མཛད་འཕྲིན་བསྐྱངས་གནང་པའི་སྐབས་ཤིག་ལ་མང་ཚོགས་སྟོང་ཕྲག་མང་པོ་འདུ་འཛོམས་ཀྱི་སར་བཀའ་སློབ་གསུང་བཤད་གནང་གྲུབ་མཚམས། རོ་བྷཊི་ཐར་མན་ལགས་ཀྱིས་དེར་འདུས་ཕྱི་ནང་གི་མི་རིགས་འདུ་འཛོམས་ཡོད་པ་མི་རེ་ངོ་རེས་བོད་དང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བོད་ཀྱི་གནད་དོན་ཐོག་རང་ཉིད་སོ་སོར་གོ་རྟོགས་སྤེལ་བ་ཚུན་གྱི་རྒྱབ་སྐྱོར་ཞུ་རྒྱུའི་ཁས་ལེན་དམ་བཅའ་འཇོག་རོགས་ཞེས་འབོད་སྐུལ་གནང་ཡོད་ལ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་དགྱེས་གཉེས་ཆེན་པོས་རོ་བྷཊི་ཐར་མན་ལགས་སུ་ཁྱེད་ཀྱིས་བོད་མིའི་ཚབ་བྱས་ཏེ་སྐད་ཆ་གཤོད་ཀྱི་འདུག་པས་ཐུགས་རྗེ་ཆེ་ཞེས་བཀའ་གནང་ཡོད་པ་མདོར་ན་སྐུ་ཞབས་ཐར་མན་གྱི་བོད་དོན་ཐོག་ཐུགས་འཁུར་བཞེས་ཕྱོགས་ལ་༧གོང་ས་མཆོག་གི་གཟིགས་བབ་ཧ་ཅང་ཆེན་པོ་ཡོད་པ་རེད།
རོ་བྷཊི་ཐར་མན་ (Robert Thurman) ལགས་ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༡༦ ཉིན་ཨ་རིའི་ནིའུ་ཡོག་གི་ Woodstock གྲོང་སྡེ་རུ་དགུང་གྲངས་ ༨༤ ཐོག་དགོངས་པ་རྫོགས་ཡོད་པར། ཁོང་དང་གྲོགས་འདྲིས་ཡོད་པའི་བོད་མི་དང་ཕྱི་རྒྱལ་བ་མང་པོས་སྤྱི་ཚོགས་དྲ་ལམ་ཐོག་ཁོང་དང་ལྷན་དུ་སྒྲོན་པའི་པར་རིས་སོགས་རྗེས་དྲན་གྱི་ཚུལ་དུ་འགྲེམས་སྤེལ་གྱིས་མྱ་ངན་གུས་འདུད་ཞུ་བཞིན་འདུག་ལ། བོད་མི་མང་པོ་ཞིག་གིས་ཁོང་གིས་སྐུ་ཚེ་ཧྲིལ་པོ་བོད་ཀྱི་ཆོས་དང་རིག་གཞུང་། བོད་མིའི་འཐབ་རྩོད་ཀྱི་ཐོག་ལ་རྒྱབ་སྐྱོར་གནང་པར་བོད་ཕྱི་ནང་གཉིས་ནས་བསྔགས་བརྗོད་དང་བཀའ་དྲིན་རྗེས་དྲན་ཞུ་བཞིན་འདུག་ལ། ཁོང་སླར་ཡང་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་རྣལ་མ་ཞིག་ཏུ་སྐྱེ་བ་ལེན་པར་ཤོག་ཅེས་སྨོན་འདུན་གནང་མཁན་ཡང་མང་པོ་མཐོང་རྒྱུ་འདུག
ཡང་སྤྱི་ཚོགས་དྲ་ལམ་ཁག་ཏུ་གུས་འདུད་དང་རྗེས་དྲན་ཞུ་མཁན་ཁོངས་སུ་མཆན་བྲིས་བ་པོ་ཞིག་གིས། སྐུ་ཞབས་ཐར་མན་ལགས་ཀྱིས་བཀའ་མོལ་གསུང་སྟངས་དང་ལུས་ངག་གི་རྣམ་འགྱུར་ལ་བལྟས་ན་ཁོང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཧ་ཅང་ཆེན་པོ་དང་བོད་པར་ཤ་ཞེན་ཆེན་པོ་ཡོད་མཁན་ཞིག་རེད་འདུག ད་ལམ་མཁས་དབང་ཁོང་འདས་གྲོངས་སུ་གྱུར་པར་བོད་ཀྱི་ཆོས་རིག་དར་སྤེལ་ཐོག་གྱོང་རྒུད་ཆེན་པོ་བྱུང་བས་བློ་ཧམ་ཆེན་པོ་བྱུང་ཞེས་བཀོད་འདུག
པར་རིས་སྒྲིག་བཟོ་བ། ནོར་སྡེ་སྒྲོལ་མ།
