རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་ནས་ཨ་རིའི་བོད་རིག་པའི་མཁས་དབང་པདྨ་ཤྲི་རོ་བྷཊ་ཐར་མན་ལགས་སུ་རྗེས་དྲན་དང་ནང་མིར་ཐུགས་གསོ་གནང་བའི་ནང་། ནང་པའི་མཁས་དབང་ཆེན་མོ་དང་། ཕུལ་དུ་བྱུང་བའི་སློབ་དཔོན། རྒྱ་གར་གྱི་ཚེ་གང་གི་གྲོགས་པོ་དམ་པ་སྐུ་ཞབས་རོ་བྷཊ་ཐར་མན་ལགས་སྐུ་ཚེའི་འཕེན་པ་རྫོགས་པར་བློ་ཕམ་ཆེན་པོ་བྱུང་། ཁོང་གིས་རང་གི་ཕྱག་ལས་བརྒྱུད་ནས་ནང་པའི་ལྟ་གྲུབ་རྣམས་རྒྱལ་སྤྱིའི་ཐོག་ཁྱབ་སྤེལ་གནང་ཡོད་པ་མ་ཟད། ད་དུང་རིག་གཞུང་ཕན་ཚུན་དབར་ལ་རྒྱུན་གནས་ཐུབ་པའི་གོ་རྟོགས་ཀྱི་ཟམ་པ་བརྟན་པོ་ཞིག་བསྐྲུན་ཐུབ་ཡོད། ངོས་ནས་ལོ་ཤས་སྔོན་ནིའུ་ཡོག་གྲོང་ཁྱེར་དུ་ཁོང་དང་ལྷན་དུ་མཇལ་འཕྲད་ཀྱིས་གླེང་མོལ་ལྷུག་པོ་བྱུང་བ་འདི་རྣམས་ལ་དྲན་གསོ་བྱེད་བཞིན་ཡོད། ཡིད་སྐྱོ་བའི་སྐབས་དེར་ངོས་ནས་ཁོང་གི་ནང་མི་དང་། དགའ་ཉེ། དེ་བཞིན་ཁོང་ལ་གུས་བཀུར་ཞུ་མཁན་བཅས་ཚང་མར་ཐུགས་གསོའི་འཚམས་འདྲི་དང་བཅས་ཚང་མ་དང་ལྷན་དུ་ཡོད་ཅེས་གསུངས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཐུགས་གསོ་གནང་བ།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཨ་རིའི་བོད་བརྒྱུད་ནང་བསྟན་གྱི་མཁས་དབང་ཆེན་མོ་འབུམ་རམས་པ་རོ་བྷཊ་ཐར་མན་ལགས་སྐུ་ཚེའི་འཕེན་པ་རྫོགས་པར་ཁོང་གི་ལྕམ་ནེ་ན་ཐར་མན་ལགས་དང་ནང་མི་ཉེ་འབྲེལ་ཚོར་ཐུགས་གསོ་ཞུས་གནང་ཡོད་ཅིང། མཁས་དབང་ཐར་མན་ལགས་ནི་ནུབ་ཕྱོགས་ཀྱི་གཙུག་ལག་སློབ་གཉེར་ཁང་ཁག་ཏུ་བོད་ཀྱི་ནང་ཆོས་རིག་པ་གོང་སྤེལ་གཏོང་མཁན་གྱི་སློབ་སྟོན་པ་གལ་ཆེན་ཞིག་ཡིན་པ་མ་ཟད། ཁོ་ལམ་བྷི་ཡ་གཙུག་ལག་སློབ་གྲྭའི་རྒྱ་གར་དང་བོད་ཀྱི་ནང་དོན་རིག་པའི་སློབ་དཔོན་ཆེན་མོ་དང་། ནིའུ་ཡོག་བོད་ཁང་སོགས་ལ་ཐོག་མར་དབུ་བཙུགས་གནང་མཁན་ཞིག་ཀྱང་ཆགས་ཡོད། ཁོང་གི་མཛད་རྗེས་ལ་བརྟེན་ནས་ཕྱི་ལོ་ ༢༠༢༠ ལོར་རྒྱ་གར་གཞུང་གིས་རྒྱལ་ཁབ་ཀྱི་ཆེས་མཐོའི་གཟེངས་རྟགས་པདྨ་ཤྲི་ (Padma Shri) དེ་ཡང་དམ་པ་ཁོང་ལ་འབུལ་གནང་ཡོད་གསུངས་འདུག

ཡང་སྲིད་སྐྱོང་མཆོག་གི་ཐུགས་གསོའི་ཕྱག་བྲིས་ནང་། མཁས་དབང་ཐར་མན་ལགས་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དད་ལྡན་སློབ་མ་ཞིག་དང་ལོ་ངོ་ ༦༠ ལྷག་གི་རིང་ཡིད་ཆེས་ཕེར་བའི་གྲོགས་པོ་ཉེ་པོ་ཞིག་ཡིན་པ་མ་ཟད། ཁོང་གི་སྐུ་ཚེ་གང་པོར་བོད་ཀྱི་ནང་ཆོས་ཀྱི་ཤེས་བྱ་དང་རིན་ཐང་རྣམས་འཛམ་གླིང་ལ་སྤེལ་རྒྱུར་བློས་གཏོང་ཕྱག་ལས་གནང་ཡོད་པ་གསུངས་ཤིང་། ལྷག་པར་དུ་ཁོང་གི་ཕྱག་དེབ་དང་། གསུང་བཤད། ཨ་རིའི་གྲོས་ཚོགས་སུ་དཔང་རྟགས་གནང་བ་སོགས་བརྒྱུད་ནས་རྒྱལ་སྤྱིའི་ཐོག་བོད་དོན་ལ་གཏིང་ཟབ་པའི་རྒྱུས་མངའ་དང་རྒྱབ་སྐྱོར་ཐོབ་རྒྱུར་ནུས་པ་ཆེན་པོ་ཐོན་ཡོད་པས། བོད་མི་ཚོས་ཁོང་གི་བཀའ་དྲིན་རྟག་ཏུ་སེམས་པར་བཅངས་རྒྱུ་དང་། ཁོང་གི་རླབས་ཆེན་མཛད་རྗེས་ཀྱིས་མ་འོངས་པའི་མི་རབས་གསར་པ་ཚོར་མུ་མཐུད་སེམས་ཤུགས་དང་སྙིང་སྟོབས་ཡོང་རྒྱུ་རེད་ཅེས་སྲིད་སྐྱོང་གིས་གསུངས་འདུག།
རོ་བྷཊ་ཐར་མན་ལགས་ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༡༦ ཉིན་ཨ་རིའི་ནིའུ་ཡོག་གི་ Woodstock གྲོང་སྡེར་དགོངས་པ་རྫོགས་པ་དང་དགུང་ལོ་ ༨༤ ལ་ཕེབས་ཀྱི་ཡོད་འདུག
