སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སུ་དད་ལྡན་པ་ཁྱོན་ ༤༠༠ ཙམ་ཞིག་མཇལ་ཁ་སྩལ་བ།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པིར་རྟེན་གཞི་བྱས་པའི་གདན་ས་ཆེན་པོ་བཀྲིས་ལྷུན་པོར་སྐུ་ལྷོ་བཞུགས་མཛད་ཡུན་རིང་། རྒྱ་གར་ལྷོ་ཕྱོགས་ཁུལ་དུ་བཅའ་སྡོད་དགུང་ལོ་ ༨༠ ཡན་གྱི་བོད་མི་བགྲེས་སོང་རྣམས་ལ་རིམ་བཞིན་མཇལ་ཁ་སྩལ་གནང་གི་ཡོད་པ་བཞིན། ཟླ་བ་འདིའི་ཚེས་ ༡༧ ཉིན་ཏེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཉིན་བཞི་པར་རྒྱ་གར་ལྷོ་ཕྱོགས་ཀོ་ལེ་གྷལ་དོན་ལྡན་གླིང་གཞིས་ཁུངས་ཀྱི་རྒས་གསོ་ཁང་གི་བགྲེས་སོང་གྲངས་ ༣༠ དང་ནད་པ་ ༣༧། དེ་བཞིན་ས་གནས་བོད་མི་དགུང་ལོ་ ༨༠ ཡན་ ༡༤༣ བཅས་ཁྱོན་ཀོ་ལེ་གྷལ་དོན་ལྡན་གླིང་ནས་བོད་མི་གྲངས་ ༢༡༠ གཙོ་བོར་བྱས་པའི་ཕྱི་ནང་དད་ལྡན་པ་ཁྐཡོན་ ༤༠༠ ཙམ་ཞིག་ལ་མཇལ་ཁ་བཀྲིན་སྩལ་གནང་མཛད་ཡོད་པ་དང་། མཇལ་ཁ་གྲུབ་མཚམས་སུ་བོད་མི་བགྲེས་སོང་རྣམས་ནས་མགྲིན་གཅིག་ཏུ་ཐེངས་འདིར་ཁོང་རྣམས་ལ་༸གོང་ས་མཆོག་གི་ཞལ་མཇལ་སྐལ་བཟང་གི་གོ་སྐབས་ཐོབ་པར་དགའ་ཚོར་ཆེན་པོ་བྱུང་ཡོད་སྐོར་འགྲེལ་བརྗོད་གནང་བ་དང་སྦྲགས། མགོན་པོ་གང་ཉིད་སྐུ་ཚེ་ཁྲི་ལོར་བརྟན་པའི་སྨོན་འདུན་ཡོད་ཅེས་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ཡང་ཐེངས་འདིར་རྒྱ་གར་བ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་འདྲ་མིན་ནས་ཀྱང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་ཡོད་པ་དང་། མཇལ་བཅར་བའི་ཁོངས་རྒྱ་གར་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་ཟུར་པ་ར་ཝི་ཌ་ཀུར་ལགས་ནས་མཇལ་ཁ་གྲུབ་མཚམས་འདི་ག་རླུང་འཕྲིན་ཁང་ལ་གསུངས་དོན་ལ། ཁོང་ནས་ད་ལན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུ་དོན་གཙོ་བོ་ནི། ཁོང་གི་དགེ་རྒན་བཀྲིས་ལྷུན་པོའི་དགོན་པ་ནས་ཡིན་པ་བཀྲིས་ཕུན་ཚོགས་ལགས་དགོངས་པ་རྫོགས་ཏེ་སྐུ་གདུང་ཞུགས་འབུལ་གནང་བའི་གདུང་རུས་ཀྱི་མཆོད་རྟེན་ཞིག་བཞེངས་ཆེད་ཆེད་མངགས་བཅར་བ་ཡིན་ཞེས་གསུངས་ཀྱི་འདུག་ལ། རྒྱ་གར་ས་གནས་ཡི་ཤུ་སློབ་གྲྭའི་འཛིན་སྐྱོང་གི་མི་སྣ་ཕ་དྷར་ཀྲི་ཀྲོ་ཐོ་མས་ལགས་ཀྱིས་གསུངས་ཡས་ལ། ཐེངས་འདིར་ཁོང་ནས་༸གོང་ས་མཆོག་གི་མཇལ་ཁ་ཞུས་སར་བཅར་དོན་གཙོ་བོ་ནི། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་གླིང་ནང་ཆེས་སྙན་གྲགས་ཆེ་བའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་ཡིན་པར་བརྟེན་མགོན་པོ་མཆོག་མཇལ་རྒྱུ་ནི་གལ་ཆེ་དོན་ཆེན་ཞིག་ཏུ་ངོས་འཛིན་ཞུས་ཀྱི་ཡོད་ཅིང་། དེ་རིང་ང་ཚོར་༸གོང་ས་མཆོག་གི་མཇལ་ཁའི་གོ་སྐབས་ཐོབ་པར་དགའ་ཚོར་ཆེན་པོ་བྱུང་མ་ཟད།དམིགས་བསལ་མགོན་པོ་གང་ཉིད་ནས་ང་ཚོའི་ལག་པ་བཟུང་སྟེ་སྐུ་རྩེད་གནང་བ་དེ་ནི་དམིགས་བསལ་གྱི་ཚོར་བ་ཟབ་མོ་བྱུང་ཞེས་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།
གཞི་རྩའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དགོས་མཁོ་ཅན་གྱི་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་སྒར་ཁག་ལྔའི་ནང་ཡོད་པའི་དགུང་ལོ་ ༨༠ ཡན་ཆད་གྱི་བགྲེས་སོང་དང་། ནད་བཅོང་། དེ་བཞིན་དེ་དག་ལ་རོགས་སྐྱོར་གནང་མཁན། གཞན་ཡང་རྒྱ་གར་བ་དང་ཕྱི་རྒྱལ་བ། ཧི་མ་ལ་ཡའི་རི་རྒྱུད་ཀྱི་དད་ལྡན་པ་བཅས་ལ་ཟླ་བ་འདིའི་ཚེས་ ༨ ནས་དབུ་བཙུགས་ཀྱིས་མཇལ་ཁ་སྩལ་འགོ་བཙུགས་ཡོད་པ་དང་། ཕྱི་ཚེས་ ༡༠ དང་ ༡༣ དང་ ༡༥ དང་ ༡༧ བཅས་ཉིན་གྲངས་བཞིའི་རིང་ཁྱོན་མི་གྲངས་ ༢༢༠༠ ལ་མཇལ་ཁ་བཀྲིན་ཆེ་གནང་མཛད་ཡོད་ཅིང་། དེ་དག་ལས་བོད་མི་དགུང་ལོ་ ༨༠ ཡན་དང་དེ་དག་རོགས་པ་བཅས་ཁྱོན་མི་གྲངས་ ༡༣༠༠ དང་། གཞན་ཡང་ནད་བཅོང་དང་དེ་དག་རོགས་པ་བཅས་མི་གྲངས་༣༡༥ དེ་མིན་རྒྱ་གར་བ་དང་ཕྱི་རྒྱལ་བ་དང་བོད་རིགས་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་པ་བཅས་མི་གྲངས་ ༥༦༠ ལ་མཇལ་ཁ་སྩལ་ཡོད་པའི་མཐོ་གཞུང་རགས་བསྡུས་ཤིག་དགའ་ལྡན་ཕོ་བྲང་གི་ངོ་དེབ་ཐོག་སྤེལ་འདུག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྦེ་ལ་ཀོ་པི་བོད་མིའི་གཞིས་ཆགས་སུ་ཐོག་མའི་ཆིབས་སྒྱུར་དེ་བཞིན་ཕྱི་ལོ་ ༡༩༦༢ ལོར་གནང་ཡོད་ཅིང་། མགོན་པོ་མཆོག་གི་ཐེངས་འདེའི་རྒྱ་གར་ལྷོ་ཕྱོགས་ཀར་ན་ཀྲ་ཀ་མངའ་སྡེའི་ནང་ཆིབས་སྒྱུར་མཛད་པ་ནི་ཆིབས་བསྒྱུར་ཐེངས་ ༡༣༥ པ་དེ་ཆགས་ཀྱི་ཡོད་པ་རེད་འདུག
གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།