༧གོང་ས་མཆོག་ཨི་ཊ་ལིར་ཆིབས་སྒྱུར་ཞབས་སོར་འཁོད་འདུག
2012.06.26
༄༅༎ཁ་སང་ཕྱི་ཟླ་ ༦ ཚེས་ ༢༥ ཉིན་ བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨི་ཊ་ལིའི་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ མ་ཏེ་རའི་ཁུལ་དུ་གསར་བསྐྲུན་བྱེད་བཞིན་པའི་ཞི་བདེའི་གྲོང་སྡེ་ཞེས་པ་དེར་འཚམས་གཟིགས་བསྐྱངས་གནང་མཛད་ཅིང༌། ཞི་བདེའི་གྲོང་སྡེ་འདི་ནི་ ནོ་བེལ་ཞི་བདེའི་བྱ་དགའ་བཞེས་མཁན་ལྕམ་སྦེ་ཊི་ལྦི་ལི་ཡེམ་སི་གིས་དམག་འཁྲུག་དང་མུ་གེ། དབུལ་ཕོངས། སྤྱི་ཚོགས་དང་ཆབ་སྲིད་ཀྱི་གནས་སྟངས་འོག་དཀའ་སྡུག་འོག་ནས་བྲོས་བྱོལ་གྱིས་སྐྱབས་བཅོལ་དུ་ཡོང་བའི་མི་ཚོའི་མི་ཚེའི་མདུན་ལམ་གསར་པ་ཞིག་ཐོབ་ཐབས་ཆེད་གསར་བསྐྲུན་གནང་པ་ཞིག་ཡིན་འདུག།
གྲོང་སྡེ་དེའི་ཨར་ལས་ཀྱི་ལས་གཞི་འགྲོ་བཞིན་པ་ཡིན་པ་དང༌། ལྕམ་སྦེ་ཊི་ལྦི་ལིཡམསི་གྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ས་གནས་འདིར་ཞབས་སོར་འཁོད་གནང་དང་ཐུགས་སྨོན་སྐྱབས་འཇུག་མཛད་པར་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་རེད།
མ་ཏེ་ར་ཞེས་པའི་གྲོང་ཁྱེར་དེར་ཆིབས་བསྒྱུར་ཞབས་སོར་འཁོད་གནང་མཛད་སྐབས་ གྲོང་ཁྱེར་སྤྱི་ཁྱབ་པ་དང་ས་གནས་མི་དམངས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཕེབས་བསུ་ཟབ་རྒྱས་ཞུས་འདུག་ཅིང༌། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། མི་ཚོས་རང་བཞིན་གཉིས་ཀ་མ་སྐྱིད་པ་བཟོ་བའི་རྒྱུ་རྐྱེན་གཙོ་བོ་ནི་རང་གཞན་གཉིས་ཀ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཡིན་པའི་དངོས་ཡོད་ཀྱི་གནས་ཚུལ་མི་ཤེས་པ་དེ་ཡིན་ལ་འཚེ་བའི་ལས་ལ་འཇུག་པའི་རྒྱུ་རྐྱེན་ཡང་དེ་ཉིད་ཡིན་པ་རེད་ཅེས་དང༌། ད་དུང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། དཀའ་ངལ་དེ་དག་སེལ་བའི་ཐབས་ལམ་བཟང་ཤོས་དང་ནུས་པ་ཆེ་ཤོས་ནི་གཞན་གྱི་བདེ་བ་དོན་གཉེར་གྱི་བསམ་བློ་གོང་མཐོར་གཏོང་རྒྱུ་ཡིན་པ་བཀའ་གནང་ཞིང༌། ལྷག་པར་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ འཛམ་གླིང་མི་མང་གིས་འཚེ་བའི་བྱ་སྤྱོད་ལ་བསུན་སྣང་དང་མི་དགའ་བ་ཆེན་པོ་བྱེད་བཞིན་ཡོད་སྟབས། ཞི་བདེའི་ཁོར་ཡུག་བསྐྲུན་ཐབས་ཐད་ལས་དོན་སྣ་ཚོགས་པ་ཞིག་སྤེལ་བཞིན་ཡོད་པ་དང༌། ཞི་བདེའི་གྲོང་སྡེ་གསར་བསྐྲུན་བྱ་རྒྱུ་མཚོན་པས་ལས་གཞི་འདི་རིགས་ལ་མི་ཚོས་རང་བཞིན་གྱིས་རྗེས་སུ་ཡི་རངས་དང་རྒྱབ་སྐྱོར་བྱེད་ཀྱི་རེད་ཅེས་དང༌། འདི་ལྟ་བུའི་ལས་གཞི་ཁག་ནི་མ་འོངས་པར་འཛམ་གླིང་ནང་ཞི་བདེ་བསྐྲུན་རྒྱུའི་ས་བོན་ཆགས་ཡོད་བཀའ་གནང་ཞིང༌། ཞི་བདེ་ཞེས་པ་དེ་མང་ཚོགས་མཉམ་ལས་ཀྱི་ཐོག་ནས་འབྱུང་དགོས་པ་ལས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གྲོས་ཆོད་བཞག་པ་སོགས་པ་ལས་འབྱུང་ཐུབ་རྒྱུ་མིན་པ་བཀའ་གནང་ཡོད་པ་རེད།
ཞི་བདེའི་གྲོང་ཁྱེར་གྱི་ཆིབས་བསྒྱུར་གྲུབ་རྗེས་ཉེ་འགྲམ་གྱི་ཡེ་ཤུའི་ཆོས་ཁང་སེནཏ་ཨརྑ་ཨེན་ཇེ་ལོ་ཞེས་པར་གནས་གཟིགས་དང་མང་ཚོགས་ལ་ཆོས་ལུགས་མཐུན་སྒྲིལ་གོང་འཕེལ་གཏོང་ཐབས་སྐོར་བཀའ་སློབ་སྩལ་གནང་མཛད་ཅིང༌། དེ་རིང་ཕྱི་ཟླ་ ༦ ཚེས་ ༢༦ ཉིན་ ཨི་ཊཱ་ལིའི་གྲོང་ཁྱེར་ མི་ལན་དུ་ རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ་འཁྲུམ་ཐོག་རིན་པོ་ཆེས་བསྐྱངས་པའི་དགེ་འཕེལ་གླིང་ཆོས་ཚོགས་སུ་ཆིབས་བསྒྱུར་དང་ ཁུལ་དེར་ཡོད་པའི་མཐོ་རིམ་གཙུག་ལག་སློབ་གྲྭ་ཆེན་མོ་ཞིག་ཏུ་མང་ཚོགས་ལ་བཀའ་སློབ་སྩལ་གནང་མཛད་ཡོད་པ་རེད།