ཤིང་འབྲུག་གནམ་ལོ་གསར་ཚེས་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་ཡོངས་ལ་སྩལ་བའི་བཀའ་སློབ།

2024.02.09
ཤིང་འབྲུག་གནམ་ལོ་གསར་ཚེས་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་ཡོངས་ལ་སྩལ་བའི་བཀའ་སློབ། ཤིང་འབྲུག་གནམ་ལོ་གསར་ཚེས་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་ཡོངས་ལ་སྩལ་བའི་བཀའ་སློབ།
Photo: RFA

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཤིང་འབྲུག་ལོའི་གནམ་ལོ་གསར་ཚེས་ཉིན་བརྙན་འཕྲིན་བརྒྱུད་གཞིས་བྱེས་ཡོངས་ཀྱི་བོད་མི་ཡོངས་ལ་འཚམས་འདྲིའི་བཀའ་སློབ་བསྩལ་གནང་མཛད་པའི་ནང་། བཙན་བྱོལ་དུ་བོད་མི་ཚོ་དཀའ་ངལ་ཆེན་པོ་ཞིག་ནང་གནས་དགོས་བྱུང་བ་དང་། བོད་ནང་བོད་མི་ཚོ་རྒྱ་ནག་གུང་བྲན་དམར་ཤོག་སྟོབས་ཤུགས་ལྡན་པ་ཞིག་གི་འོག་སྡོད་དགོས་བྱུང་ཡང་། བོད་རྒྱ་ཆེའི་མི་དམངས་ཀྱིས་དད་མོས་ཀྱི་སེམས་ཤུགས་དེ་ནམ་ཡང་འགྱུར་བ་མེད་པའི་ཐོག་བསྡད་པའི་དུས་ཡུན་དེའི་རིང་།། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གང་ཉིད་ནས་ཀྱང་དབུ་ཁྲིད་གནང་སྟེ་བཞུགས་པ་ཡིན་པ་བཀའ་གནང་ཡོད་པ་རེད།

བོད་པའི་བློ་བརྟན་འགྱུར་མེད་ཀྱི་དད་སེམས།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་ནག་གིས་བོད་ལ་བཅིངས་གྲོལ་ཟེར་བ་བཏང་རྗེས་རྒྱ་ནག་གུང་བྲན་དམར་ཤོག་གཞུང་གིས་དབང་བསྒྱུར་བྱས་ཤིང་། བོད་ཀྱི་ཆོས་དད་ལ་སོགས་པར་འགྱུར་བ་འགྲོ་རྒྱུ་ཡིན་པའི་རེ་བ་བྱས་ཡོད། འོན་ཀྱང་དེ་ལས་ལྡོག་སྟེ་བོད་མི་ཚོའི་ཆོས་དང་རིག་གཞུང་གི་དད་མོས་དེ་ཇེ་བརྟན་དུ་ཕྱིན་ཡོད་པ་བཀའ་གནང་འདུག

 

བོད་པའི་སེམས་བཟང་གི་རིག་གཞུང་འདི་ནུབ་ཕྱོགས་ཚན་རིག་པ་ཚོས་ཀྱང་དོ་སྣང་ཆེན་པོ་བྱ་ཡུལ་གྱི་རིག་གཞུང་ཞིག་ཡིན་པས་བོད་པ་རང་ངོས་ནས་བདག་པོ་རྒྱག་དགོས།

བོད་ཀྱི་ཆོས་ནི་བོད་ཙམ་མིན་པར་དེང་སྐབས་རྒྱ་ནག་རང་གི་ནང་ལ་ཡང་ནང་ཆོས་ལ་དོ་སྣང་བྱེད་མཁན་གསར་པ་མང་རུ་འགྲོ་བཞིན་ཡོད་ལ། དེ་བཞིན་འཛམ་གླིང་ས་ཁུལ་མང་པོ་ཞིག་གི་ནང་བོད་ཀྱི་ཆོས་དང་རིག་གཞུང་ཞེས་བརྗོད་སྐབས། དེ་ནི་དོན་ངོ་མའི་ཐོག་རྒྱུ་མཚན་ལྡན་པ་ཞིག་དང་། རིག་པ་དང་ལྡན་པ། ལྷག་དོན་དཔྱད་པ་བྱས་ཚེ་སེམས་ཀྱི་ཞི་བདེ་འབྱུང་རྒྱུ་དང་སེམས་པ་བཟང་དུ་འགྲོ་རྒྱུ་བཅས་ལ་དངོས་ཡོད་གནས་ཚུལ་གྱི་ཐོག་ནས་ཕན་ཐོགས་ཡོད་པ་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་ཅེས་དང་། ང་ཚོའི་རིག་གཞུང་བཟང་པོ་འདི་ནི་ཞབས་བརྟན་འགྲུབ་རྒྱུ་དང་ཕྱག་མཆོད་འབུལ་བྱེད་ཡག་ཙམ་མིན་པར་བསམ་བློ་གཏོང་སྟངས་ཀྱི་ཐོག་ནས་བྱམས་སྙིང་རྗེ་གོང་མཐོར་གཏོང་ཡག་གི་གོམས་གཤིས་ཤིག་ཡོད་པ་དེར་འཛམ་གླིང་ཤར་ནུབ་གང་ས་ནས་དོ་སྣང་བྱེད་མཁན་ཡོང་བཞིན་ཡོད་སྟབས།  ད་དུང་དོ་སྣང་ཆེ་རུ་འགྲོ་རྒྱུར་བོད་པ་རང་ཉིད་ཀྱི་ངོས་ནས་ཉམས་ལེན་བྱེད་དགོས་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་བཀའ་གནང་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། བོད་པའི་རིག་གཞུང་བཟང་པོ་འདི་ནི་འཛམ་གླིང་གི་སྤྱི་ནོར་ཞིག་ཡིན་ཞིང་། རིག་གཞུང་དེར་དམིགས་བསལ་ཆོས་ཁས་མི་བླངས་མཁན་ནུབ་ཕྱོགས་ཀྱི་ཚན་རིག་པའི་ནང་ནས་ཀྱང་དགའ་མོས་བྱེད་མཁན་དང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུ་མདུན་དུ་བཅར་མཁན་ཇེ་མང་ཇེ་མང་དུ་འགྲོ་བཞིན་ཡོད་པ་བཀའ་གནང་འདུག

རྒྱ་ནག་གིས་བོད་མིའི་རིག་གཞུང་ནག་བསུབ་བཏང་ཐུབ་མེད། 

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས།བོད་མི་ཚོའི་ངོས་ནས་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཡོད་པའི་སོ་སོའི་ཆོས་དང་རིག་གཞུང་འདི་རྒྱ་ནག་གུང་བྲན་གྱིས་ནག་བསུབ་གཏོང་རྒྱུའི་ཐབས་ཤེས་རིམ་པ་བྱས་ཡོད་ཀྱང་། དེ་ནག་བསུབ་འགྲོ་རྒྱུའི་ཚབ་ཏུ་འཛམ་གླིང་འདིའི་སྟེང་དོ་སྣང་གསར་པ་བྱེད་ཡུལ་ཞིག་ཏུ་གྱུར་བ་ནི་ཧ་ཅང་གི་གསལ་པོ་རེད་ཅེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་གནང་ཡོད།   དེར་བརྟེན༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། བོད་ཀྱི་རིག་གཞུང་འདིར་དེ་སྔ་བོད་དང་འབྲེལ་བ་མེད་པ་དང་རིག་གཞུང་དེ་མི་ཤེས་མཁན་འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་མང་པོ་ནས་དོ་སྣང་བྱེད་བཞིན་ཡོད་པ་ནི་མཐོང་ཆོས་སུ་ཡོད་པ་ཞིག་ཡིན་པས། བོད་མི་ཚོས་ཕ་མེས་ནས་བརྒྱུད་པའི་སེམས་པ་བཟང་པོ་དང་མཐའ་ན་འབུ་སྲིན་ཚུན་ཆད་ལའང་བརྩེ་བ་བྱེད་པའི་གོམས་གཤིས་བཟང་པོའི་རིག་གཞུང་ཞིག་ཡོད་པ་འདི་ནི་འཛམ་གླིང་གི་གཅེས་ནོར་ཞིག་ཡིན་བསམ་པའི་ཐོག་ནས་བདག་གཅེས་བྱ་རྒྱུ་ནི་གལ་ཆེན་པོ་རེད་ཅེས་བཀའ་སློབ་ཕེབས་འདུག

 

བོད་མི་ཚོས་བདག་པོ་རྒྱབ་བཞིན་པའི་སེམས་ཁམས་རིག་པའི་རྣམ་གཞག་ནི་འཛམ་གླིང་གི་གཅེས་ནོར་ཡིན།

དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐཡེ་ལེནཌ་དང་སྦར་མ་ལ་སོགས་པ་ནི་ནང་པའི་བསྟན་པ་གནས་པའི་ཡུལ་གྲུ་ཡིན་ལ། ཉམས་ལེན་ཡང་ཡག་པོ་ཡོད་པ་རེད། འོན་ཀྱང་ནང་ཆོས་ཆ་ཚང་ཤོས་དང་སྤུས་དག་ཤོས་འདི་བོད་མི་ཚོས་བདག་པོ་རྒྱབ་ནས་བསྡད་ཡོད་པ་དང་། ནང་ཆོས་རིག་གཞུང་ལ་གཏིང་ཟབ་ཀྱི་ཐོག་ནས་སློབ་སྦྱོང་བྱེད་མཁན་ནི་བོད་དང་སོག་ཡུལ་རེད། འོན་ཀྱང་སོག་ཡུལ་ནང་ཉམས་ཆག་ཧ་ཅང་ཆེན་པོ་ཕྱིན་ཟིན་པ་རེད་ཅེས་དང་།  བོད་ཀྱི་སེམས་ཁམས་རིག་པའི་རྣམ་གཞག་ཁག་ནི་སེམས་ཁམས་རིག་པའི་ལྟ་གྲུབ་ཁྱོན་ཡོངས་ཀྱི་ནང་ནས་ཟབ་ཤོས་དེ་ཡིན་པ་དང་། བོད་ཀྱི་གདན་ས་ཁག་ནང་གཞུང་ཆེན་ཁག་ལ་སློབ་སྦྱོང་གནང་སྟེ་སེམས་ཁམས་རིག་པའི་སྐོར་དཔྱད་པ་བྱེད་ལུགས་ཤིག་ཡོད་པ་འདི་ནི་འཛམ་གླིང་གི་གཅེས་ནོར་ལྟ་བུ་ཧ་ལས་དགོས་པ་ཞིག་ཡོད་པ་བཀའ་གནང་ཞིང་། འདི་ནི་ཁ་ནས་བཤད་པ་ཙམ་མིན་པར་བཤད་སྒྲུབ་ཟུང་སྦྲེལ་གྱི་ཐོག་ནས་བོད་པ་ཚོས་རིག་གཞུང་འདི་བདག་པོ་བརྒྱབ་ཡོད་པ་བཀའ་གནང་འདུག

འཛམ་གླིང་ནང་ཕན་ཐོགས་ཡོད་པའི་རིག་གཞུང་འདི་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས།

ལོ་གསར་གྱི་འཚམས་འདྲི་འདིའི་བཀའ་སློབ་ཀྱི་ནང་ད་དུང་མུ་མཐུད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། སྤྱིར་བཏང་འཛམ་གླིང་ནང་བོད་པ་ཚོ་ནི་རང་བཞིན་གྱི་སེམས་པ་བཟང་པོ་ཡོད་མཁན་ཞིག་ཏུ་ས་ཕྱོགས་འདྲ་མིན་ནས་ངོས་འཛིན་བྱེད་སྲོལ་ཞིག་ཡོད། དེ་ནི་བོད་པ་ཚོ་སྐྱེ་བའི་གནས་སྐབས་ནས་དམིགས་བསལ་འདྲ་གང་ཡང་མིན་པར་མི་ཡོངས་རྫོགས་གཅིག་པ་རེད། འོན་ཀྱང་ང་ཚོར་མཐའ་ན་འབུ་སྲིན་ཚུན་ཆད་ཀྱི་སྲོག་གཅོད་མི་བྱེད་པའི་གོམས་གཤིས་བཟང་པོ་ཞིག་ཡོད་པའི་གྲུབ་འབྲས་ཤིག་ཡིན། དེར་བརྟེན་བོད་མི་ཡོངས་ནས་བོད་པའི་གོམས་གཤིས་བཟང་པོ་ཡོད་པ་དེ་མུ་མཐུད་ནས་རྒྱུན་འཛིན་ཐུབ་པ་དགོས་ལ། དེ་ནི་ཆོས་དད་ཡོད་མེད་ལ་མ་བལྟོས་པར་སེམས་པ་བཟང་པོ་བྱེད་པའི་རིག་གཞུང་བཟང་པོ་དེ་འཛམ་གླིང་ཤར་ནུབ་གང་སར་རྒྱ་བསྐྱེད་གཏོང་ཐབས་སུ་བོད་པ་ཚང་མས་སྙིང་སྟོབས་དང་སེམས་ཤུགས་གསར་བསྐྱེད་ཀྱི་ཐོག་ནས་ཧུར་ཐག་བྱེད་དགོས་པའི་བཀའ་སློབ་ཕེབས་ཡོད།

 

དད་དམ་གཡོ་བ་མེད་པའི་བོད་ནང་གི་བོད་མི། དམིགས་བསལ་གཞོན་སྐྱེས་ཚོས་བོད་ཀྱི་རིག་གཞུང་ཉམས་ལེན་དང་རྒྱུན་འཛིན་བྱེད་དགོས།

དམིགས་བསལ་བོད་ནང་གི་བོད་མི་ཚོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ཕེབས་པའི་ནང་།། བོད་ནང་གི་གཞིས་ལུས་བོད་མི་ཚོ་ནི་དད་པ་དང་དམ་ཚིག་གཡོ་བ་མེད་པའི་ཐོག་ནས་གནས་བཞིན་ཡོད་པར་བསྡོད་བསྔགས་གནང་ཞིང་། བོད་ལ་ལོ་ངོ་སྟོང་ཕྲག་རིང་གི་གོམས་གཤིས་བཟང་པོ་ཡོད་པ་འདི་དག་གི་རྒྱུ་མཚན་ཇི་ཡིན་བསམ་བློ་གཏིང་ཟབ་གཏོང་རྒྱུའི་ཐད། བོད་པའི་མི་རབས་གསར་པ་ཚོས་དོ་སྣང་གསར་པ་བྱེད་དགོས་པ་ཞིག་གི་དུས་སུ་སླེབས་ཡོད་པ་བཀའ་གནང་པ་དང་།། དེ་ཡང་ང་ཚོའི་གོམས་གཤིས་ཟེར་བ་ཙམ་མིན་པར་གོམས་གཤིས་བཟང་པོའི་ནང་རྒྱུ་མཚན་ལ་དཔྱད་པ་བྱེད་པ་དང་། དེང་སྐབས་འཛམ་གླིང་སྤྱི་དང་ལྷག་པར་དུ་ཆོས་དང་འབྲེལ་བ་མེད་མཁན་ཚན་རིག་པ་ཚོས་ཀྱང་དམིགས་བསལ་བོད་པའི་རིག་གཞུང་འདིར་དོ་སྣང་བྱེད་པའི་རྒྱུ་མཚན་ཇི་ཡིན་སོགས་ཀྱི་ཐད་དོ་སྣང་བྱེད་དེ། ང་ཚོ་བོད་པ་རང་གི་ལོ་སྟོང་ཕྲག་ལྷག་གི་གཅེས་ནོར་ཞིག་ཡོད་པ་འདི་ཚང་མས་ངོས་འཛིན་ཐུབ་པའི་ཐོག་ནས་བདག་པོ་རྒྱག་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་ཡིན་པའི་བཀའ་སློབ་ཕེབས་ཡོད་པ་རེད།

 གསར་འགོད་པ། སྐལ་ལྡན་བློ་གྲོས། བཀྲིས་དབང་ཕྱུག

རྩོམ་སྒྲིན་པ། བཀྲིས་དབང་ཕྱུག སྐལ་ལྡན་བློ་གྲོས།

དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་ཤར་ཕྱོགས་ཁམས་སྡེ་དགེ་རྫོང་གི་དབོན་པོ་སྟོད་ཁུལ་དུ་བོད་མི་མང་པོ་འཛིན་བཟུང་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱལ་སྤྱིའི་ཚོགས་སྡེ་ཁག་མང་པོས་སྡེ་དགེ་ཕྱོགས་ཀྱི་གནས་སྟངས་ལ་བློ་ཚབས་དང་བཅས་རྒྱ་ནག་ལ་སྐྱོན་བརྗོད་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎