༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཚེ་བ་མེད་པ་དང་བྱམས་བརྩེའི་ཐོག་ནས་དཀའ་རྙོག་སེལ་ཐབས་དགོས་པའི་གསུང་འཕྲིན་ཞིག་བསྩལ་གནང་ཡོད་པ།

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་ཏེ་ལོ་ངོ་བདུན་ཅུ་དོན་ལྔ་འཁོར་བའི་དུས་ཆེན་ཉིན་བསྩལ་བའི་གསུང་འཕྲིན་བཀའ་ཡིག་ཅིག་ཕྱི་ཟླ་ ༡༡ ཚེས་ ༢༤ ཉིན་སྨིན་སྩོལ་བྱུང་ཡོད་པའི་ནང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསལ་བསྒྲགས་དེའི་ནང་འགྲོ་བ་མི་ཐམས་ཅད་ལ་འཇིགས་སྣང་དང་འདོད་རྔམ་ལས་གྲོལ་བའི་རང་དབང་ཡོད་པར་བསྒྲུབས་ཡོད་པ་གསུངས་ཤིང་། འགྲོ་བ་མིའི་ཐོབ་ཐང་འདི་དག་ཡོངས་འདུས་དང་གཅིག་ལ་གཅིག་བརྟེན་ཡིན་པར་མ་ཟད། ཡོངས་ཁྱབ་ཀྱང་ཡིན། ཞེས་བཀའ་བསྩལ་ནས་འཛམ་གླིང་གང་སར་ཡོད་པའི་མི་མང་གིས་འགྲོ་བ་མིའི་ཐོབ་ཐང་གི་གཞི་རྩའི་རིན་ཐང་རྣམས་ཤེས་རྟོགས་འབྱུང་བཞིན་ཡོད་པའི་ཐུགས་རེ་གནང་གི་ཡོད་པ་རེད།
དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་ནང་མུ་མཐུད། གྲོས་མོལ་ལ་གཞི་བཞག་ཐོག་འཚེ་བ་མེད་པའི་ལམ་ལ་བརྟེན་ནས་རྩོད་རྙོག་རྣམས་ཞི་བའི་སྒོ་ནས་སེལ་བའི་ཐབས་ལམ་དེར་འཛམ་གླིང་གིས་དོ་སྣང་ཇེ་ཆེར་བྱེད་བཞིན་ཡོད། འགྲོ་བ་མིའི་ཐོབ་ཐང་དང་ཆེ་མཐོང་ལ་བརྩི་བཀུར་ཡོད་པའི་འགྱུར་བ་དེའི་རིགས་ཀྱི་ཁྲོད་དུ་འགྲོ་བ་མིའི་འགན་ཁུར་ཡང་ཚུད་ཡོད། འགྲོ་བ་མི་རྣམས་གཅིག་པུ་ཡིན་པའི་ལྟ་ཚུལ་དང་། འཛམ་གླིང་ཕན་ཚུན་གཅིག་ལ་གཅིག་རྟེན་གྱི་ཚུལ་དུ་གནས་པའི་ལྟ་ཚུལ་ཐོག་ནས་གོ་ལའི་དཀའ་ངལ་སེལ་བར་ང་ཚོས་རྒྱལ་སྤྱིའི་ཐོག་ནས་ལས་འགུལ་སྤེལ་དགོས། འགྲོ་བ་མི་ཚང་མ་སྐྱེ་དུས་ནས་ང་ཚོའི་འཚོ་གནས་ལ་མཁོ་བའི་ཡོན་ཏན་ཏེ། གཞན་ལ་སེམས་ཁུར་དང་བྱམས་པ་མཚན་ཉིད་པ་དེ་དག་ང་ཚོ་ཚང་མར་ཡོད། ང་ཚོས་གཞན་ལ་ང་ཚོ་དང་ཁོ་ཚོ་ཞེས་ལྟ་བའི་བསམ་བློ་མེད་པར་མ་ཟད། ཆོས་ལུགས་དང་ས་ཁམས་ཆབ་སྲིད་ཀྱི་ཁྱད་པར་རྣམས་ཀྱང་གཙིགས་སུ་མི་འཛིན་པར། ཡོན་ཏན་འདི་དག་གོང་འཕེལ་དང་རྒྱུན་འཁྱོངས་བྱེད་པར་འབད་བརྩོན་ཤུགས་ཆེ་བྱེད་དགོས་ཞེས་འཁོད་འདུག
གསུང་འཕྲིན་ནང་ད་དུང་། ང་ཚོ་ཚང་མ་འགྲོ་བ་མི་ཡིན་ཞིང་། ཐོབ་ཐང་དང་དགོས་མཁོ་གཅིག་མཚུངས་སུ་ཡོད། ང་ཚོས་གཞན་ལའང་རང་དང་འདྲ་བར་ཞི་བདེ་དང་བདེ་སྐྱིད་འཚོལ་བའི་ཐོབ་ཐང་གཅིག་མཚུངས་སུ་ཡོད་པར་ཁས་ལེན་བྱས་ན། རོགས་རམ་མཁོ་བའི་མི་རྣམས་ལ་རོགས་བྱེད་པའི་འགན་ཁུར་དེ་ང་ཚོར་རང་བཞིན་གྱིས་ཡོང་གི་ཡོད། ཡུ་རོབ་དང་ཨ་རི་ལ་ཡོད་པ་ཚོར་མང་གཙོའི་མངོན་འདོད་དང་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ལ་བརྩི་བཀུར་བྱ་རྒྱུ་དེ་ཇི་ཙམ་གལ་ཆེན་པོ་ཡིན་པ་དེ་ཙམ་གྱིས་ཨཕ་རི་ཀ་དང་ཨེ་ཤི་ཡར་ཡང་གལ་ཆེན་པོ་ཡིན། དབུལ་ཕོངས་ནི་སྤྱི་ཚོགས་མི་མཐུན་པ་དང་། འཕྲོད་བསྟེན་མི་ལེགས་པ། སྡུག་བསྔལ། ཐ་ན་དམག་འཁྲུག་སོགས་ཀྱི་རྒྱུ་རྐྱེན་གཙོ་བོ་ཞིག་ཏུ་གྱུར་ཡོད། དབུལ་ཕྱུག་གི་ཁྱད་པར་འདི་ནི་དཀའ་ངལ་ཆེན་པོ་ཞིག་ཡིན་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དཔལ་འབྱོར་གྱི་ཁྱད་པར་འདི་ཁ་སྐོང་གང་ཐུབ་བྱེད་དགོས་པ་ནི་གལ་འགངས་ཤིན་ཏུ་ཆེན་པོ་ཡིན།
ང་ཚོ་ཚང་མ་ཞི་བདེ་ལྡན་པའི་ངང་འཚོ་འདོད་ལ། ང་ཚོ་ཚང་མར་འཇིགས་སྣང་མེད་པའི་ངང་འཚོ་སྡོད་བྱེད་པའི་ཐོབ་ཐང་གཅིག་མཚུངས་སུ་ཡོད། འོན་ཀྱང་། འདས་པའི་དུས་རབས་གཅིག་ལྷག་གི་རིང་ལ་འགྲོ་བ་མིའི་སྡུག་བསྔལ་གྱི་རྒྱུ་རྐྱེན་ཆེས་ཚབས་ཆེན་ཞིག་ནི། རྩོད་རྙོག་ཞི་འགྲིག་ཡོང་སླད་འཇིགས་སྐུལ་དང་། དྲག་སྤྱོད། མི་གསོད་ཁྲག་སྦྱོར་བཅས་ལ་བརྟེན་པ་འདི་ཡིན། ང་ཚོས་ངེས་པར་དུ་ཞི་བའི་ཐབས་ལམ་ཞིག་ལ་བརྟེན་ནས་རྩོད་རྙོག་ཞི་འགྲིག་བྱེད་དགོས། འཚེ་བ་ལ་བརྟེན་ནས་གཏོར་སྐྱོན་དང་འགྲོ་བ་མིར་དཀའ་སྡུག་ཡོང་རྒྱུ་མ་ཟད། མ་འོངས་པར་འཚེ་བ་བསྐྱར་འབྱུང་གི་ས་བོན་འདེབས་ཀྱི་ཡོད། དུས་དང་གནས་གང་དུ་དྲག་པོའི་ལས་བྱུང་ན་ངོས་ལ་སེམས་སྡུག་ཚད་མེད་སྐྱེ་བཞིན་འདུག དྲག་པོའི་ལས་དེ་དག་གིས་རྐྱེན་པས་ཚེ་སྲོག་ཤོར་མཁན་རྣམས་དང་དཀའ་རྙོག་དེ་དག་གི་རྐྱེན་པས་གནོད་སྐྱོན་ཐེབས་ཡུལ་རྣམས་ཀྱི་ཆེད་དུ་ངས་སྨོན་ལམ་འདེབས་ཀྱིན་ཡོད། ངོས་ཀྱིས་ཞི་བའི་ཐབས་ལམ་ལ་བརྟེན་ནས་རྩོད་རྙོག་རྣམས་གཏན་དུ་ཞི་འགྲིག་ཡོང་བའི་སྨོན་ལམ་རྒྱུན་དུ་རྒྱག་གིན་ཡོད་ཅེས་སོགས་འཁོད་ཡོད་འདུག།
གསར་འགོད་པ། ཀེ་ཐོ།
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག