ཧོང་ཀོང་གི་ཁྲིམས་རྩོད་པ་བརྒྱ་ཕྲག་མང་པོ་ཁྲོམ་གཞུང་ལ་ཐོན་ནས་གོམ་བགྲོད་བྱས་འདུག

2019-08-07
གློག་འཕྲིན།
མཆན།
Share
པར་བཀོད།
ཧོང་ཀོང་གི་ཁྲིམས་རྩོད་པ་བརྒྱ་ཕྲག་མང་པོ་ཁྲོམ་གཞུང་ལ་ཐོན་ནས་གོམ་བགྲོད་བྱས་སྐབས། ༢༠༡༩།༨།༧
ཧོང་ཀོང་གི་ཁྲིམས་རྩོད་པ་བརྒྱ་ཕྲག་མང་པོ་ཁྲོམ་གཞུང་ལ་ཐོན་ནས་གོམ་བགྲོད་བྱས་སྐབས། ༢༠༡༩།༨།༧
AP

ཧོང་ཀོང་གི་ཁྲིམས་རྩོད་པ་བརྒྱ་ཕྲག་མང་པོ་ཁྲོམ་གཞུང་ལ་ཐོན་ནས་ཧོང་ཀོང་མི་མང་གིས་ས་གནས་གཞུང་ལ་ངོ་རྒོལ་རྔམ་སྟོན་བྱེད་བཞིན་པར་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་འདུག
འདི་ཚེས་༧་གཟའ་ལྷག་པའི་ཉིན། ཧོང་ཀོང་གི་ཁྲིམས་རྩོད་ལས་རིགས་ཀྱི་མི་སྣ་མང་པོ་ཁྲོམ་གཞུང་དུ་ཐོན་ནས། ཧོང་ཀོང་གཞུང་གིས་དོགས་ཡོད་ཉེས་ཅན་པ་རྒྱ་ནག་ལ་རྩིས་སྤྲོད་ཁྲིམས་ལུགས་གཏན་འབེབས་བྱ་རྒྱུར་འདས་པའི་ཟླ་བ་གཉིས་ཙམ་རིང་ཧོང་ཀོང་མི་མང་གིས་ངོ་རྒོལ་རྔམ་སྟོན་གྱི་ལས་འགུལ་སྤེལ་བཞིན་པར་རྒྱབ་སྐྱོར་གྱི་རྣམ་འགྱུར་བསྟན་ཡོད་པ་དང་། སྤྱིར་སྟངས་ཧོང་ཀོང་གི་ཁྲིམས་ལུགས་ལས་རིགས་ཀྱི་མི་སྣ་ཚོ་རྒྱུན་དུ་ཁྲོམ་གཞུང་དུ་ངོ་རྒོལ་རྔམ་སྟོན་གྱི་ལས་འགུལ་རིགས་ནང་མཉམ་ཞུགས་བྱེད་ཀྱི་མེད་པ་དང་། ད་རེས་ཧོང་ཀོང་གཞུང་གིས་ཉེས་ཅན་པ་རྩིས་སྤྲོད་ཁྲིམས་ལུགས་གཏན་འབེབས་ཀྱི་གྲོས་གཞི་བཏོན་པ་ནས་བཟུང་ཧོང་ཀོང་ནང་གི་ཁྲིམས་རྩོད་པའི་ལས་རིགས་ཀྱི་མི་སྣ་ཚོ་ཁྲོམ་གཞུང་དུ་ཐོན་ནས་ཞི་བའི་རྔམ་སྟོན་གྱི་ལས་འགུལ་སྤེལ་བ་དེ་རེས་ཐེངས་གཉིས་པ་དེ་ཡིན་ཞིང་། ཚེས་༧་ཉིན་ཧོང་ཀོང་གི་ཁྲོམ་གཞུང་དུ་ལུས་ལ་སྟོད་གོས་ནག་པོ་གྱོན་པའི་ཁྲིམས་རྩོད་ལས་རིགས་ཀྱི་མི་སྣ་བརྒྱ་གྲངས་ཁ་ཤས་ཀྱིས་ཧོང་ཀོང་གི་ཆེས་མཐོའི་ཁྲིམས་ཁང་གི་སྒོ་འགྲམ་ནས་ཧོང་ཀོང་ཁྲིམས་འཛིན་ལས་ཁང་མདུན་བར་གོམ་བགྲོད་བྱས་ཡོད་པ་རེད།
ཧོང་ཀོང་གི་ཁྲིམས་རྩོད་པ་(Anita Yip)་ཀྱིས་ཧོང་ཀོང་གཞུང་གིས་འཇིགས་སྐུལ་དང་ཁ་བྲལ་གྱི་ཐབས་བྱུས་འོག་ལས་དོན་སྤེལ་གྱི་ཡོད་པའི་བྱ་སྤྱོད་དེར་རྩ་བ་ནས་འདོད་མོས་མེད་ཅེས་ཕ་རན་སི་གསར་འགྱུར་བརྒྱུད་ལམ་ལ་འགྲེལ་བརྗོད་བྱས་འདུག
ཧོང་ཀོང་གཞུང་གིས་དོགས་ཡོད་ཉེས་ཅན་པ་རྩིས་སྤྲོད་ཁྲིམས་ལུགས་གཏན་འབེབས་བྱ་རྒྱུའི་གྲོས་གཞི་བཏོན་པའི་རྗེས། འདས་པའི་ཟླ་བ་གཉིས་ཙམ་རིང་ཧོང་ཀོང་ནང་ལས་རིགས་འདྲ་མིན་གྱི་ཧོང་ཀོང་མི་མང་ཚོས་ངོ་རྒོལ་རྔམ་སྟོན་རིམ་པར་བྱས་ཡོད་པ་དང་། འདི་ཚེས་༦་གཟའ་མིག་དམར་ཉིན་རྒྱ་ནག་གཞུང་གིས་ཧོང་ཀོང་གི་ངོ་རྒོལ་རྔམ་སྟོན་བ་ཚོས་ཟིང་ཆ་བཟོ་བཞིན་པའི་ཉེན་བརྡ་བཏང་ཡོད་ཅིང་། ད་བར་ཧོང་ཀོང་ཉེན་རྟོག་པས་ངོ་རྒོལ་བ་མི་གྲངས་༥༠༠་ལྷག་འཇུ་བཟུང་བྱས་ནས། དེའི་ནང་ནས་མིག་གྲངས་བཅུ་ཙམ་གྱི་དྲག་ཟིང་གི་བྱ་སྤྱོད་སྤེལ་ཡོད་ལུགས་ཀྱི་ཉེས་བཙུགས་བྱེད་བཞིན་ཡོད་པ་དང་། གལ་སྲིད་ཉེས་བཙུགས་དེ་རིགས་ཁྲིམས་ཁང་གིས་ཉེས་པ་ཡོད་པར་ཁྲིམས་ཐག་བཅད་ཚེ་ཉུང་མཐར་ལོ་བཅུ་ཡན་གྱི་བཙོན་འཇུག་བྱ་རྒྱུ་ཡིན་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།