ཨ་རིའི་སྲིད་འཛིན་གྱིས་ཧོང་ཀོང་དང་འབྲེལ་བའི་ཁྲིམས་འཆཪ་དང་བཀའ་རྒྱར་མཚན་རྟགས་བཀོད།

2020-07-15
གློག་འཕྲིན།
མཆན།
Share
པར་བཀོད།
ཨ་མི་རི་ཀའི་སྲིད་འཛིན་(Trump)་ལགས་ཕོ་བྲང་དཀར་པོའི་ནང་། ༢༠༢༠།༧།༡༤
ཨ་མི་རི་ཀའི་སྲིད་འཛིན་(Trump)་ལགས་ཕོ་བྲང་དཀར་པོའི་ནང་། ༢༠༢༠།༧།༡༤
AP

ཨ་རིའི་སྲིད་འཛིན་གྱིས་ཧོང་ཀོང་དང་འབྲེལ་བའི་གྲོས་ཚོགས་ཀྱི་ཁྲིམས་འཆཪ་དང་སྲིད་འཛིན་གྱི་བཀའ་རྒྱར་མཚན་རྟགས་བཀོད་ནས་ཧོང་ཀོང་དེ་བཞིན་དམིགས་བསལ་ས་ཁུལ་ཞིག་ཏུ་ངོས་འཛིན་གནང་ཕྱོགས་དེ་མཚམས་འཇོག་བྱས་འདུག
འདི་ཚེས་༡༤་རེས་གཟའ་མིག་དམར་ཉིན། ཨ་མི་རི་ཀའི་སྲིད་འཛིན་(Trump)་ལགས་ཀྱིས་སྲིད་འཛིན་གྱི་དམིགས་བསལ་སྐུ་དབང་གི་ཐོག་ནས། ཧོང་ཀོང་དེ་བཞིན་དམིགས་བསལ་ས་ཁུལ་ཞིག་ཏུ་ངོས་འཛིན་གནང་ཕྱོགས་དེ་མཚམས་འཇོག་གནང་བ་མ་ཟད། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱིས་སྤྱི་མོས་ཐོག་གཏན་འབེབ་གནང་བའི་ཧོང་ཀོང་གི་རང་སྐྱོང་ཁྲིམས་འཆར་(Hong Kong Autonomy Act)་ལ་མོས་མཐུན་མཚན་རྟགས་བཀོད་གནང་ནས། ཧོང་ཀོང་གི་རང་སྐྱོང་གནས་བབ་ལ་དོ་ཕོག་གཏོང་མཁན་གྱི་མི་སྒེར་དང་སྒྲིག་འཛུགས་ཁག་ལ་དཔལ་འབྱོར་ཉེས་ཆད་འགེལ་རྒྱུའི་ཁྲིམས་ཡིག་གཏན་འབེབས་གནང་ཡོད་པ་རེད། སྐབས་དེར་སྲིད་འཛིན་མཆོག་གིས། དེ་རིང་ངོས་རང་གིས་གྲོས་ཚོགས་ཀྱི་ཧོང་ཀོང་དང་འབྲེལ་བའི་ཁྲིམས་འཆར་དང་། སྲིད་འཛིན་ལས་ཁུངས་ཀྱི་བཀའ་རྒྱའི་ཐོག་ས་རྟགས་བཀོད་པ་ཡིན། དེ་ནི་རྒྱ་ནག་གཞུང་གིས་ཧོང་ཀོང་ཐོག་དབང་ཤུགས་ཆེན་པོའི་ཐོག་སྟངས་འཛིན་གྱི་ལས་དོན་སྤེལ་བཞིན་པར་འགན་འཁུར་ལེན་དུ་འཇུག་ཆེད་ཡིན། རྒྱ་ནག་གཞུང་གིས་ཧོང་ཀོང་མི་དམངས་ཀྱི་རང་དབང་དང་ཐོབ་ཐང་རྣམས་འཕྲོག་ཟིན་པས། ད་ཆ་ཧོང་ཀོང་དེ་བཞིན་རྒྱ་ནག་སྐམ་ས་ནང་བཞིན་ངོས་འཛིན་ཆ་འཇོག་བྱེད་རྒྱུ་ཡིན་ཞེས་གསུང་འདུག
སྲིད་འཛིན་མཆོག་གི་བཀའ་རྒྱ་དེའི་འོག་ཧོང་ཀོང་གཞུང་གི་མི་སྣ་གང་ཞིག་གིས་ཧོང་ཀོང་གི་དམངས་གཙོའི་འགྲོ་ལུགས་དང་། དེའི་ལས་ཁུངས་ཁག་ལ་གནོད་སྐྱོན་གཏོང་རྒྱུའི་ལས་དོན་སྤེལ་བ་ཡིན་ན་གང་ཟག་དེའི་ཨ་མི་རི་ཀའི་ནང་ཡོད་པའི་རྒྱུ་ནོར་ཁག་གི་ཐོག་བཀག་འགོག་དང་། ཧོང་ཀོང་ལ་དམིགས་བསལ་གྱི་ཐོག་དངོས་ཟོག་ཕྱིར་ཚོང་བྱེད་ཆོག་པ་དེ་དག་ཀྱང་མེད་པར་བཟོ་རྒྱུ་ཡིན་པ་སོགས་བཀོད་ཡོད་པ་རེད།
དེའི་ཐད་ཚེས་༡༥་རེས་གཟའ་ལྷག་པ་ཉིན། རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་གོང་ཞུས་ཨ་མི་རི་ཀས་ཧོང་ཀོང་ཐོག་འཛིན་པའི་སྲིད་བྱུས་གསར་པ་དེའི་སྐོར་གང་ཡང་བརྗོད་མེད་ནའང་། ཨ་མི་རི་ཀས་ཧོང་ཀོང་གི་དངུལ་ཁང་ཁག་ལ་དམིགས་པའི་ཉེས་ཆད་དེ་དག་དང་འབྲེལ་བ་ཡོད་པའི་ཨ་མི་རི་ཀའི་མི་སྒེར་པ་དང་ཚན་པ་ལ་སོགས་པར་ཕར་ཡ་ལན་སློག་རྒྱུ་ཡིན་པའི་ཉེན་བརྡ་བཏང་བ་དང་། ཧོང་ཀོང་གི་ལས་དོན་ཁག་ནི་རྒྱ་ནག་གི་ནང་སྲིད་ཡིན་པས་ཕྱིའི་རྒྱལ་ཁབ་སུ་ལའང་ཐེ་གཏོགས་བྱེད་རྒྱུའི་ཐོབ་ཐང་མེད་པ་བརྗོད་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།