༸གོང་ས་མཆོག་གིས་རྒྱ་གར་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་མཇལ་ཁ་དང་བཀའ་སློབ་སྩལ་བ།

2022.12.04
༸གོང་ས་མཆོག་གིས་རྒྱ་གར་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་མཇལ་ཁ་དང་བཀའ་སློབ་སྩལ་བ། ༸གོང་ས་མཆོག་གིས་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་མཇལ་ཁ་སྩལ་བའི་སྐབས། ༢༠༢༢།༡༢།༠༤ ཉིན།
མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལས་ཁུངས།

མི་འབོར་ས་ཡག་བདུན་ལྷག་ཡོད་པའི་རྒྱ་གར་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་Jai Ram Thakurམཆོག་གིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ཕྱི་ལོ་ ༢༠༢༢ ལོའི་ཟླ་བ་ ༡༢ ཚེས་ ༤ ཉིན་གྱི་སྔ་དྲོ་སྤྱི་ཁྱབ་བློན་ཆེན་མཆོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཆེད་ཕེབས་ཀྱིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་འདུག

མཇལ་ཁ་གྲུབ་མཚམས་སུ་གསར་འགོད་པས་སྤྱི་ཁྱབ་བློན་ཆེན་མཆོག་ལ་མཇལ་ཁ་དང་འབྲེལ་བའི་བཅར་འདྲི་ཞུ་སྐབས། ད་རེས་༸གོང་ས་ཏཱ་ལའི་བླ་མ་མཆོག་དངོས་སུ་མཇལ་རྒྱུ་བྱུང་བ་སྐལ་བ་བཟང་པོ་ཡིན། མཇལ་འཕྲད་ཀྱང་ཧ་ཅང་ཡག་པོ་བྱུང་སོང་། དེ་སྔ་ནས་༸གོང་ས་མཆོག་མཇལ་རྒྱུའི་འདོད་པ་ཆེན་པོ་ཡོད་ལ། ཐེངས་འགའ་ཤས་མཇལ་རྒྱུའི་སྐལ་བཟང་གི་གོ་སྐབས་བྱུང་། ཡིན་ནའང་། དེ་རིང་གི་དམིགས་བསལ་མཇལ་འཕྲད་སྐབས། གང་ཉིད་མཆོག་དང་ལྷན་དུ་དོན་ཕན་ལྡན་པའི་བཀའ་མོལ་མང་དག་ཅིག་བྱུང་སོང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བྱིན་རླབས་དང་མཛད་རྗེས་ལ་བརྟེན་ནས་ང་ཚོ་བོད་མི་དང་ལྷན་དུ་འབྲེལ་བ་ཟབ་པོ་ཡོང་གི་ཡོད་པ་མ་ཟད། ཚང་མས་མགོན་པོ་གང་ཉིད་མཆོག་གི་བྱམས་བརྩེ་རང་བཞིན་གྱི་བཀའ་སློབ་བཟང་པོ་དང་འཚེ་མེད་ཞི་བའི་ལྟ་གྲུབ་སོགས་གཙོ་བཟུང་བྱས་པའི་རྗེས་འབྲས་སུ་བོད་མི་དང་ང་ཚོའི་དབར་དམིགས་བསལ་འབྲེལ་བ་ཡོང་གི་ཡོད་ལ་། དེ་མུ་མཐུད་རྒྱུན་གནས་དགོས་གལ་ཆེ་བ་མཐོང་གི་འདུག་ཅེས་གསུངས་གནང་སོང་།

WhatsApp Image 2022-12-04 at 9.27.29 AM.jpeg

ད་དུང་སྤྱི་ཁྱབ་བློན་ཆེན་མཆོག་གིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱུ་མཚན་ནི། ཁོང་གི་བཀའ་དྲིན་ལ་རྟེན་ནས། རྡ་རམ་ས་ལ་དེ་བཞིན་རྒྱལ་སྤྱིའི་ཡུལ་སྐོར་བའི་ལྟེ་གནས་ཤིག་ཏུ་གྱུར་ཟིན་ཡོད་པ་མ་ཟད། ལོ་ལྟར་ཕྱི་རྒྱལ་ཡུལ་གྲུ་འདྲ་མིན་ནས་དཀའ་ངལ་ལ་མ་འཛེམས་པར་ཆེད་དུ་མགོན་པོ་གང་ཉིད་མཆོག་མཇལ་ཁར་ཡོང་གི་ཡོད་པས། འདི་ནི་ང་ཚོའི་གཟི་བརྗིད་ཡིན།

ཡང་མཐའ་མཇུག་ཏུ་སྤྱི་ཁྱབ་བློན་ཆེན་Jai Ram Thakurམཆོག་གིས་གསར་པར་འགྲེལ་བརྗོད་གནང་དོན། ད་རེས་མཇལ་ཁའི་སྐབས། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས། གང་ཉིད་མཆོག་རྒྱ་གར་ནང་ཡུན་རིང་གནས་སྡོད་བྱེད་མུས་ཡིན་པ་དེས། རྒྱ་གར་ནི་ཁོང་གི་རྒྱལ་ཁབ་ཡིན་པ་ལྟ་བུ་ཚོར་གྱི་ཡོད་པ་བཀའ་སློབ་ཕེབས་སོང་ལ། ལྷག་ཏུ་རང་དབང་ལྡན་པའི་རྒྱ་གར་ལྟ་བུ་ཆོས་དད་རང་དབང་དང་། སྨྲ་བརྗོད་རང་དབང་ཡོད་མཁན་ཡུལ་ལུང་ཉུང་ཤས་ཤིག་ལས་མེད་ཅེས་བཀའ་གནང་སོང་བས། དེ་ནི་ང་ཚོས་ངེས་པར་དུ་སྲུང་སྐྱོབ་དང་གོང་འཕེལ་གཏོང་དགོས་གལ་ཆེ་ཞེས་འགྲེལ་བརྗོད་གནང་བྱུང་།

གཞན་ཡང་ཐེངས་འདིར་ཧི་མ་ཅལ་སྤྱི་ཁྱབ་བློན་ཆེན་མཆོག་ལ་དམིགས་བསལ་མཇལ་ཁ་དེ་ནི་དེ་སྔོན་ཏོག་དབྱིབས་ནད་དུག་ཁྱབ་རྗེས། སྤྱི་ཁྱབ་བློན་ཆེན་མཆོག་གིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དངོས་སུ་མཇལ་བཅར་ཞུས་པ་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པ་དང་། སྐུ་ཞབས་Jai Ram Thakurམཆོག་ནས་ཕྱི་ལོ་ ༢༠༡༧ ལོར་སྤྱི་ཁྱབ་བློན་ཆེན་མཆོག་གི་ལས་ཁུར་དམ་འབུལ་ཞུས་པའི་རྗེས། ༸གོང་ས་མཆོག་ལ་མཇལ་ཁ་ཐོག་མ་དེ་ཕྱི་ལོ་ ༢༠༡༨ ལོའི་ཟླ་བ་ ༢ པའི་ནང་ཞུས་འདུག 

གསར་འགོད་པ། བློ་བཟང་དགེ་ལེགས། 
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། 
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དགེ་འདུན་པ་བསྟན་འཛིན་མཁྱེན་རབ་ལགས་ཀྱི་ཨ་མ་སྦོ་རྡེ་ལགས་སེམས་འཁྲལ་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎