རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་ནག་གི་བྱ་སྤྱོད་ལ་སྐྱོན་བརྗོད་བྱས་འདུག

རྒྱ་ནག་གཞུང་གིས་༧གོང་ས་མཆོག་དང་ཐེ་ཝན་གྱི་རྫས་སྦྱོར་རིག་པའི་སློབ་དཔོན་ཆེན་མོའི་གསུངས་བཤད་འགོག་ཐབས་བྱས་བའི་བྱ་སྤྱོད་ལ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྐྱོན་བརྗོད་བྱས་འདུག
བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཐེ་ཝན་གྱི་རྫས་སྦྱོར་རིག་པའི་སློབ་དཔོན་ཆེན་མོ་སྐུ་ཞབས་(Yuan Tseh Lee)་རྣམ་གཉིས་ཀྱིས། སྤྱི་ཟླ་༤་བའི་ནང་ཚོགས་པའི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གྱི་ལྷན་ཚོགས་ཐོག་གསུངས་བཤད་གནང་རྒྱུར་རྒྱ་ནག་གཞུང་གིས་དགག་བྱ་བྱས་ཡོད་པ་དང་། དེ་ནི་རྒྱུ་མཚན་གང་ཡང་མེད་པའི་བྱ་སྤྱོད་ངན་པ་ཞིག་ཡིན་པ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྐྱོན་བརྗོད་བྱས་འདུག
འདི་ག་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། ཉེ་ལམ་འཛམ་གླིང་ནང་གྲགས་ཆེ་བའི་ཚན་རིག་པ་དང་། ཨ་རིའི་ཕྱི་སྲིད་ལས་ཁུངས་སོགས་ཀྱིས་རྒྱ་ནག་གི་བྱ་སྤྱོད་དེའི་ཐད་སྐྱོན་བརྗོད་བྱས་ཡོད་པ་ལྟར། ནོ་བེལ་ཞི་བདེའི་བྱ་དགའ་བཞེས་པ་པོ་བརྒྱ་ལྷག་གིས་རྒྱ་ནག་གཞུང་གི་ཐུབ་ཚོད་ཀྱི་བྱ་སྤྱོད་འགོག་ཐབས་སུ་ངོ་རྒོལ་ཞུ་ཡིག་ལ་མཚན་རྟགས་སྐྱོན་ཡོད་ཅིང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཞི་བདེ་དང་གཅིག་གྱུར་གྱི་དགོངས་གཞི་འཛིན་གནང་གི་ཡོད་པར་བརྟེན་རྒྱ་ནག་གིས་༧གོང་ས་མཆོག་ལྷན་ཚོགས་ཐོག་གསུང་བཤད་གནང་རྒྱུར་འགོག་རྐྱེན་བཟོས་པ་དེ་ནི་ཆོ་མེད་ཀྱི་བྱ་སྤྱོད་ངན་པ་ཤིག་ཡིན་པ་འགྲེལ་བརྗོད་གནང་འདུག
དེ་དང་འབྲེལ་ཨ་རིའི་ཕྱི་སྲིད་ལས་ཁང་གིས་(NBC)་གསར་འགྱུར་ལས་ཁང་གི་དྲི་བར་ལན་འདེབས་གནང་སྐབས། ཨ་རིའི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་ཨ་རིའི་རྒྱལ་ཡོངས་ཚན་རིག་ཚོགས་ཆེན་ལ་ཐེ་བྱུས་བྱ་རྩིས་བྱས་པའི་གནས་ཚུལ་ཤེས་རྟོགས་ཡོད་པ་དང་། བྱ་སྤྱོད་དེ་རིགས་ལ་ཨ་རི་གཞུང་གིས་ཁ་རྡུང་གཏོང་རྒྱུ་མ་ཟད། རྒྱ་ནག་གཞུང་ཚབ་ཁང་གིས་བྱ་སྤྱོད་དེ་རིགས་སྤེལ་མི་རུང་བའི་ཉེན་བརྡ་བཏང་ཡོད་པའི་སྐོར་གསུངས་འདུག་ལ། ཨ་རིའི་ཕྱི་སྲིད་ལས་ཁང་གི་དཔོན་རིགས་ནས། རྒྱ་ནག་གི་བྱ་སྤྱོད་དེ་རིགས་ནི་ཕྱི་རྒྱལ་ཁག་ནང་རྒྱ་ནག་དམར་ཤོག་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་ཚོའི་སྨྲ་བརྗོད་རང་དབང་ལ་སྟངས་འཛིན་དང་གནོན་ཤུགས་སྤྲོད་ཐབས་ཀྱི་དཔེ་མཚོན་གཞན་ཞིག་ཡིན་པའི་སྐོར་གསུངས་འདུག
ཨ་རིའི་ཚན་རིག་སྡེ་ཚན་གྱི་གསལ་བསྒྲགས་ལྟར་ན། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་ཕྱི་ཟླ་༤་ཚེས་༢༦་ནས་༢༨་བར་ཚོགས་པའི་ནོ་བེལ་གཟེངས་རྟགས་ཀྱི་ལྷན་ཚོགས་ཐོག་ལ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཐེ་ཝན་གྱི་ཚན་རིག་པ་རྣམ་གཉིས་བཀའ་མོལ་གནང་མཁན་གྱི་ཁོངས་ནས་ཕྱིར་འཐེན་བྱ་དགོས་པ་བརྗོད་ཡོད་ཀྱང་། ཚན་རིག་སྡེ་ཚན་གྱི་མགྲིན་ཚབ་པས་ཚན་རིག་སྡེ་ཚན་གྱིས་གསུང་བཤད་གནང་མཁན་གཅིག་ཀྱང་ཕྱིར་འཐེན་བྱས་མེད་ཅེས་གསུང་ཡོད་པ་རེད།
གསར་འགོད་པ། འཆི་མེད་ལྷུན་གྲུབ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།