རྒྱ་ནག་གཞུང་གིས་མཐུན་འགྱུར་བཀག་པ་དང་དམ་དྲག་གི་དབང་གིས་ལྷ་སའི་རྒྱ་གར་གྱི་གཞུང་ཚབ་ཡན་ལག་ལས་ཁུངས་སྒོ་རྒྱག་དགོས་བྱུང་པ།

2021-07-21
Share
རྒྱ་ནག་གཞུང་གིས་མཐུན་འགྱུར་བཀག་པ་དང་དམ་དྲག་གི་དབང་གིས་ལྷ་སའི་རྒྱ་གར་གྱི་གཞུང་ཚབ་ཡན་ལག་ལས་ཁུངས་སྒོ་རྒྱག་དགོས་བྱུང་པ། ལྷ་སའི་རྒྱ་གར་གྱི་གཞུང་ཚབ་ཡན་ལག་ལས་ཁུངས། ༡༩༦༡
དྲ་བཤུས། /File Photo

རྒྱ་ནག་གཞུང་གིས་མཐུན་འགྱུར་བཀག་པའི་རྐྱེན་གྱིས་ལྷ་སར་ཡོད་ཅིང་དབྱིན་ཇིའི་སྲིད་གཞུང་སྐབས་བཙུགས་པའི་རྒྱ་གར་གྱི་གཞུང་ཚབ་ཡན་ལག་ལས་ཁུངས་དེ་༡༩༦༢་ལོར་སྒོ་བརྒྱབ་དགོས་བྱུང་འདུག
བོད་ཀྱི་རྒྱལ་ས་ལྷ་སར་ཡོད་པའི་རྒྱ་གར་གྱི་གཞུང་ཚབ་ཡན་ལག་ལས་ཁུངས་དེ་ཐོག་མར་༡༩༠༤་ལོར་དབྱིན་ཇིའི་གཞུང་གིས་གཞིས་ཀ་རྩེ་ཁུལ་གྱི་རྒྱལ་རྩེ་རྫོང་དུ་དབྱིན་ཇིའི་ཚོང་དོན་སྐུ་ཚབ་ལས་ཁུངས་ཞིག་གསར་འཛུགས་བྱས་པའི་རྗེས། རིམ་པས་སྤྱི་ལོ་༡༩༣༧་ལོར་དབྱིན་ཇིའི་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སར་གཞུང་ཚབ་ཡན་ལག་ལས་ཁུངས་དེ་བཞིན་དངོས་སུ་སྒོ་འབྱེད་བྱས་ཡོད་པ་དང་། ཕྱི་སུ་༡༩༤༧་ལོར་དབྱིན་ཇིའི་མངའ་འོག་ནས་རྒྱ་གར་ལ་རང་བཙན་ཐོབ་པའི་རྗེས། གཞུང་ཚབ་ཡན་ལག་ལས་ཁུངས་དེ་བཞིན་རྒྱ་གར་གྱི་གཞུང་ཚབ་ཡན་ལག་ལས་ཁུངས་ཀྱི་ངོ་བོར་བསྒྱུར་ཏེ་རྒྱ་གར་གཞུང་གིས་སྔར་བཞིན་དབྱིན་ཇིའི་སྐུ་ཚབ་ལ་ཡོད་པའི་གནས་བབ་དང་ཐོབ་ཐང་དེ་དག་མུ་མཐུད་རྒྱུན་འཛིན་བྱས་ཡོད་པ་རེད། འོན་ཀྱང་། སྤྱི་ལོ་༡༩༦༢་ལོར་ལྷ་སར་ཡོད་པའི་རྒྱ་གར་གྱི་གཞུང་ཚབ་ཡན་ལག་ལས་ཁུངས་དེ་སྒོ་བརྒྱབ་ཡོད་པ་དང་། བོད་གནས་ཉམས་ཞིབ་པ་མང་པོ་ཞིག་གིས་དེ་ནི་རྒྱ་ནག་གཞུང་གིས་བཙན་གྱིས་སྒོ་བརྒྱབ་བཅུག་ཡོད་པ་འགྲེལ་བརྗོད་བྱེད་ཀྱི་ཡོད་ཀྱང་། རྩོམ་པ་པོ་དང་ལོ་རྒྱུས་སྨྲ་བ་སྐུ་ཞབས་(Claude Arpi)་ལགས་ཀྱིས། ལྷ་སར་ཡོད་པའི་རྒྱ་གར་གྱི་གཞུང་ཚབ་ཡན་ལག་ལས་ཁུངས་དེར་རྒྱ་ནག་གཞུང་གིས་དམིགས་བཀར་མཐུན་འགྱུར་བཀག་པའི་རྐྱེན་གྱིས་སྒོ་བརྒྱབ་དགོས་བྱུང་ཡོད་པ་གསུངས་ཡོད་པ་རེད། གནད་དོན་དབྱེ་ཞིབ་པ་ཚོས་དེར་རྒྱུ་མཚན་གཙོ་བོ་གཉིས་ཡོད་པ་གསུངས་ཤིང་། དང་པོ་ནི་རྒྱ་ནག་གཞུང་གིས་ལྷ་སའི་རྒྱ་གར་གཞུང་ཚབ་ཡན་ལས་ཁུངས་ལ་མཁོ་བའི་ཆུ་དང་གློག་སོགས་བཀག་པ་དང་གཞུང་ཚབ་ཁང་གི་ལས་བྱེད་པ་ཚོས་ལྷ་སའི་ཁྲོམ་རྭ་ནས་བཟའ་ཆས་སོགས་དུས་ཐོག་མངགས་ཉོ་མ་ཐུབ་པ་སོགས་དཀའ་ངལ་ཅི་ཆེ་འཕྲད་པའི་རྐྱེན་གྱིས་ཡིན་པ་བརྗོད་བཞིན་ཡོད་ཅིང་། རྒྱུ་མཚན་གཉིས་པ་དེ་ ༡༩༦༢ ཀྱི་ལོ་དེ་གའི་ནང་རྒྱ་གར་དང་རྒྱ་ནག་དབར་དམག་འཁྲུག་བྱུང་བ་དེས་ཡིན་པ་བརྗོད་བཞིན་ཡོད་པ་རེད། སྐུ་ཞབས་ (Claude Arpi)ལགས་ཀྱིས་གསུངས་ན་ལྷ་སའི་རྒྱ་གར་གྱི་གཞུང་ཚབ་ཡན་ལག་ལས་ཁུངས་དེ་དངོས་སུ་ ༡༩༦༢ ལོའི་སྤྱི་ཟླ་ ༡༢ ཚེས་ ༡༥ ཉིན་སྒོ་བརྒྱབ་དགོས་བྱུང་འདུག
པ་དང་། རྒྱ་གར་གྱི་གཞུང་ཚབ་ཡན་ལག་ལས་ཁུངས་དེ་བཞིན་སྤྱི་ལོ་༡༩༦༢་ལོའི་སྤྱི་ཟླ་༡༢་ཚེས་༡༥་ཉིན་དངོས་སུ་གཞུང་འབྲེལ་གྱི་ཐོག་ནས་སྒོ་བརྒྱབ་དགོས་བྱུང་བ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བོད་སྐད་སྡེ་ཚན་ལ་གསུངས་བྱུང་།
བོད་གནས་ཉམས་ཞིབ་པ་དང་ལོ་རྒྱུས་སྨྲ་བ་སྐུ་ཞབས་(Claude Arpi)་ལགས་ནི་ཧྥ་རན་སིར་སྐྱེས་ཤིང་། ལོ་མང་རིང་བོད་དོན་ཉམས་ཞིབ་གནང་མཁན་ཞིག་ཡིན་པ་རེད། ཁོང་གིས་ལྷ་སར་ཡོད་པའི་རྒྱ་གར་གྱི་གཞུང་ཚབ་ཡན་ལག་ལས་ཁུངས་ཀྱི་སྐུ་ཚབ་མཐའ་མ་སྐུ་ཞབས་(Arvind Deo)་ལགས་དང་དངོས་སུ་ཐུག་འཕྲད་བྱུང་བའི་མྱོང་ཚོར་བརྗོད་སྐབས། སྐུ་ཞབས་(Arvind Deo)་ལགས་གཞུང་ཚབ་ཡན་ལག་ལས་ཁུངས་ཀྱི་སྐུ་ཚབ་གནང་པའི་རིང་རྒྱ་ནག་གིས་དམ་དྲག་བྱས་པའི་དབང་གིས་ཕོ་བྲང་པོ་ཏཱ་ལ་དང་ནོར་བུ་གླིང་ཁ་བཅས་ཀྱི་ནང་ནམ་ཡང་ཕེབས་རྒྱུ་མ་བྱུང་བ་འགྲེལ་བརྗོད་གནང་པ་གསུངས་བྱུང་ལ། སྐུ་ཞབས་ (Arvind Deo)རང་ཉིད་གཞུང་ཚབ་ཡན་ལག་ཁུངས་ཀྱི་སྐུ་ཚབ་ཀྱི་འགན་བཞེས་པའི་རིང་དེར་བཟང་བཙོན་ནང་བཅུག་པ་ལྟ་བུའི་མྱོང་ཚོར་བྱུང་བ་འགྲེལ་བརྗོད་གནང་འདུག
སྐུ་ཞབས་(Claude Arpi)ལགས་ཀྱིས་གནས་ཚུལ་དེ་དག་ལ་དཔྱད་ཞིབ་བྱས་པ་ཡིན་ན། སྐབས་དེའི་རྒྱ་གར་གཞུང་ཚབ་ཡན་ལག་ལས་ཁུངས་དང་ལྷ་སར་ཡོད་པའི་རྒྱ་མིའི་དཔོན་རིགས་དབར་གྱི་འབྲེལ་ལམ་ཡག་པོ་མེད་པ་གསལ་སྟོན་བྱས་ཡོད་ཅེས་འགྲེལ་བརྗོད་གནང་ཡོད་པ་རེད།
སྐུ་ཞབས་(Arvind Deo)་ལགས་ནི། སྤྱི་ལོ་༡༩༦༡་ལོའི་སྤྱི་ཟླ་༡༡་ནས་༡༩༦༢་ལོའི་སྤྱི་ཟླ་༡༢་བར་ལྷ་སར་ཡོད་པའི་རྒྱ་གར་གྱི་གཞུང་ཚབ་ཡན་ལག་ལས་ཁུངས་ཀྱི་སྐུ་ཚབ་ཀྱི་འགན་བཞེས་ཡོད་པ་དང་། སྤྱི་ལོ་༢༠༢༡་ལོའི་སྤྱི་ཟླ་༥་པའི་ཚེས་༡༨་ཉིན་དགུང་གྲངས་༩༧་ཐོག་འདས་གྲོངས་སུ་ཕྱིན་ཡོད་པ་རེད། ཁོང་གིས་དེ་སྔ་ལྷ་སར་རྒྱ་གར་གྱི་གཞུང་ཚབ་པའི་ཐུགས་འགན་བཞེས་པའི་སྐབས་ཀྱི་གནས་ཚུལ་མང་པོ་ཞིག་ད་བར་གསང་བའི་ངང་བཞག་ཡོད་པ་མ་ཟད། ཁོང་དང་འདྲིས་བོ་ཡོད་པའི་རྒྱ་གར་གྱི་རྒྱལ་ཁབ་བདེ་འཇགས་སློབ་སྟོན་ཚོགས་ཚུང་གི་ཚོགས་མི་གནང་མྱོང་མཁན་སྐུ་ཞབས་(Ranjit Gupta)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། སྐུ་ཞབས་(Arvind Deo)་ལགས་ནི་ངོས་ཀྱི་ཧ་ཅང་གི་གུས་བཀུར་ཞུས་སའི་སློབ་སྟོན་པ་ཞིག་ཡིན་ཞིང་། ངོས་ཀྱིས་ཁོང་ལ་སྐབས་དེའི་ལྷ་སའི་གནས་སྟངས་སྐོར་བཀའ་འདྲི་ཐེངས་མང་ཞུས་ཀྱང་། ཁོང་གིས་དེའི་ཐད་གསང་རྒྱ་བྱས་པ་ལས་ངོས་ལ་གང་ཡང་བརྗོད་མ་བྱུང་ཞེས་འགྲེལ་བརྗོད་གནང་སོང་།

ཡང་དེ་སྔ་སྤྱི་ལོ་༡༩༧༢་ཙམ་ནས་རྒྱ་གར་ཕྱི་སྲིད་ལྷན་ཁང་གི་བོད་དོན་སྡེ་ཚན་ནང་ཕྱག་ལས་གནང་མྱོང་མཁན་དང་ལོ་རྒྱུས་སྨྲ་བ་སྐུ་ཞབས་(A.S Bhasin)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ༦༢་ལོའི་དམག་འཁྲུག་རྗེས། རྒྱ་ནག་གཞུང་གི་གནོན་ཤུགས་འོག་ལྷ་སར་ཡོད་པའི་རྒྱ་གར་གྱི་གཞུང་ཚབ་ཡན་ལག་ལས་ཁུངས་དེ་རྒྱུན་ལྡན་གྱི་གཞུང་ཚབ་ཡན་ལག་ལྟར་ལས་དོན་གཉེར་བར་བཀག་འགོག་ཤུགས་ཆེར་བྱས་ཡོད་པ་མ་ཟད། གཞུང་ཚབ་ལས་ཁང་དེ་གང་བྱེད་འདི་བྱེད་མེད་པ་བཟོས་ཡོད་པར་བརྟེན། དེ་མུ་མཐུད་རྒྱུན་འཛིན་བྱེད་དཀའ་བའི་གནས་སུ་གྱུར་ཏེ་མཐར་དངོས་སུ་སྒོ་བརྒྱབ་དགོས་པ་ཆགས་འདུག
ལྷ་སར་ཡོད་པའི་རྒྱ་གར་གྱི་གཞུང་ཚབ་ཡན་ལག་ལས་ཁུངས་དེ་ནི། ལྷ་སའི་ཕོ་བྲང་པོ་ཏཱ་ལ་ནས་རྒྱང་ཐག་སྤྱི་ལེ་༣་ཙམ་གྱི་སར་ཡོད་པའི་བདེ་སྐྱིད་གླིང་ག་རུ་ཆགས་ཡོད་ཅིང་། གོང་ཞུས་གཞུང་ཚབ་ཡན་ལག་ལས་ཁུངས་དེ་སྒོ་བརྒྱབ་ཚར་བའི་རྗེས་སུ་ས་ཁུལ་དེ་རྒྱ་ནག་གི་བཅིངས་གྲོལ་དམག་མིའི་ལས་ཁུངས་ཀྱི་ངོ་བོར་བསྒྱུར་ཡོད་འདུག
གཞི་རྩའི་ཆ་ནས་རྒྱ་གར་གྱི་གནས་མཇལ་བ་དང་། ཡུལ་སྐོར་སྤྲོ་འཆམ་པ། དེ་བཞིན་འཕགས་བོད་གཉིས་དབར་འབྲེལ་ལམ་བཟང་དུ་གཏོང་ཆེད་བོད་ཀྱི་རྒྱལ་ས་ལྷ་སའི་ནང་རྒྱ་གར་གྱི་གཞུང་ཚབ་ཡན་ལག་ལས་ཁུངས་བསྐྱར་གསོ་བྱ་རྒྱུ་ནི། ཧ་ཅང་གི་གལ་གནད་ཆེ་ཡང་རྒྱ་ནག་གཞུང་གིས་ལྷ་སའི་ནང་ཕྱིའི་རྒྱལ་ཁབ་ཀྱི་གཞུང་ཚབ་ཁང་འཛུགས་རྒྱུར་མུ་མཐུད་བཀག་སྡོམ་བྱེད་མུས་ཡིན་པ་སྐུ་ཞབས་(Claude Arpi)་ལགས་ཀྱིས་གསུངས་ཡོད་པ་རེད།

གཞན་ཡང་ད་ལྟའི་ཆར་བོད་ནང་ཕྱི་རྒྱལ་གྱི་གཞུང་ཚབ་ཡན་ལག་ལས་ཁུངས་ཡོད་མཁན་བལ་ཡུལ་གཅིག་པུ་ཡིན་པ་དང་། རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་སྐུ་ཞབས་(Shivshankar Menon)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ཁོང་དེ་སྔ་སྤྱི་ལོ་༢༠༠༦་ལོར་རྒྱ་ནག་ནང་གི་རྒྱ་གར་གྱི་གཞུང་ཚབ་པ་ཡིན་པའི་སྐབས། རྒྱ་ནག་གཞུང་ལ་ལྷ་སར་རྒྱ་གར་གྱི་གཞུང་ཚབ་ཡན་ལག་བསྐྱར་གསོ་བྱེད་རྒྱུའི་རེ་འདུན་ཞུས་ཀྱང་ཁས་ལེན་མ་བྱུང་བ་གསུངས་བྱུང་ལ། ཁོང་གིས་སྤྱིར་རྒྱ་ནག་གཞུང་གིས་ལྷ་སའི་ནང་རྒྱ་གར་གྱི་གཞུང་ཚབ་ཡན་ལག་བསྐྱར་གསོ་མི་བྱེད་པའི་རྒྱུ་མཚན་གཙོ་བོ་ཞིག་ནི། བོད་ནང་གི་དངོས་ཡོད་གནས་ཚུལ་རྣམས་རྒྱ་གར་གཞུང་ལ་ཤེས་སུ་མི་འཇུག་ཆེད་ཡིན་པ་འགྲེལ་བརྗོད་གནང་སོང་།

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།