རྒྱལ་བ་ཀརྨ་པ་མཆོག་ནས་བོད་མིའི་འཐབ་རྩོད་སྐོར་གསུངས་བ།
2011.07.30
༄༅༎རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས། རྒྱ་གར་གྱི་ངོས་ནས་རྒྱ་ནག་དང་གྲོས་མོལ་གནང་སྐབས། བོད་མིའི་བདེ་དོན་འཐབ་རྩོད་ཀྱི་ལས་དོན་ནང་དམིགས་བསལ་ཐུགས་འགན་བཞེས་དགོས་ཀྱི་རེད་ཅེས་རྒྱ་གར་གྱི་གསར་ལས་ཁང་ པི་ཊཱི་ཨཡི་ལ་གསུངས་འདུག
རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གིས་རྒྱ་གར་གྱི་ངོས་ནས་བོད་མིའི་བདེ་དོན་འཐབ་རྩོད་ཀྱི་ཆེད་བཀའ་མོལ་ཤུགས་ཆེ་ཙམ་དང་ནུས་པ་ཐོན་པ་ཞིག་གནང་རྒྱུ་དེ་ནི་མི་འོས་པ་རྩ་བ་ནས་མིན་པ་གསུངས་པ་དང་། ད་དུང་རྒྱལ་དབང་ཀརྨ་རིན་པོ་ཆེ་མཆོག་གིས། རྒྱ་གར་ནི་བོད་དང་འབྲེལ་ཡོད་ཀྱི་ཐོག་ནས་རྒྱལ་ཁབ་དཀྱུས་མ་ཞིག་མིན་པར། རྒྱ་གར་ནི་བོད་ཀྱི་དགེ་རྒན་གྱི་ཡུལ་གྲུ་ཞིག་ཡིན་པ་དང་། བོད་ཀྱི་རིག་གཞུང་ནི་དོན་དུ་རྒྱ་གར་གྱི་རིག་གཞུང་ཡིན་པ་རེད་ཅེས་གསུངས་འདུག
ད་དུང་རྒྱལ་དབང་ཀརྨ་རིན་པོ་ཆེ་མཆོག་གིས་བོད་ནང་གི་ད་ལྟའི་གནས་སྟངས་ནི་ཉེན་ཁ་ཧ་ཅང་ཆེན་པོ་ཞིག་གི་མཚམས་སུ་གནས་ཡོད་པ་རེད་ཅེས་དང་། ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་རྒྱ་ནག་གཞུང་གི་ངོས་ནས། བོད་ནང་ཧ་ལས་པའི་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པ་གསལ་བཤད་གནང་འདུག
ལྷག་པར་དུ་རྒྱལ་དབང་ཀརྨ་རིན་པོ་ཆེ་མཆོག་གིས་བོད་མི་ཚོ་ནི་སྲིད་དོན་གྱི་མི་རིགས་ཤིག་མིན་པར། བོད་མི་ཚོའི་འཐབ་རྩོད་ཀྱི་ངོ་བོ་ནི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་། སྨྲ་བརྗོད་ཀྱི་རང་དབང་། དེ་བཞིན་ཆོས་དད་རང་དབང་གི་ཐོབ་ཐང་ལ་རྩོད་པའི་རང་བཞིན་ཞིག་རེད་ཅེས་གསུངས་པ་དང༌། རྒྱ་གར་གྱི་ངོས་ནས་རྒྱ་ནག་གིས་ཡར་ཀླུང་གཙང་པོར་ཆུ་རག་རྒྱབ་བཞིན་པའི་གནད་དོན་སྐོར་གསལ་པོར་མཁྱེན་རྟོགས་དགོས་པ་དང་། འདི་ནི་གནད་དོན་ཆུང་ཆུང་ཞིག་མིན་སྟབས། རྒྱ་གར་གཞུང་ཕྱོགས་ནས་གནད་དོན་འདིའི་ཐད་ངེས་པར་རྒྱ་ནག་དང་གྲོས་མོལ་གནང་དགོས་ཀྱི་རེད་ཅེས་གསུངས་འདུག