བཀའ་ཁྲི་མཆོག་གིས་བོད་ནང་གི་ད་ལྟའི་གནས་སྟངས་ངོ་སྤྲོད།
2012.06.27
༄༅༎བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་མཆོག་གིས་བོད་ནང་གི་ད་ལྟའི་གནས་སྟངས་རྒྱལ་སྤྱིའི་སྤྱི་ཚོགས་སུ་ངོ་སྤྲོད་དང་འབྲེལ་ རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་ནུས་ཤུགས་གོང་མཐོར་གཏོང་རྒྱུའི་ཆེད་ གཟའ་ཉི་མའི་ཉིན་ནས་བཟུང་གཟའ་འཁོར་གཅིག་རིང་ཨོ་སི་ཁྲོ་ལི་ཡའི་ནང་ཕེབས་བཞིན་ཡོད་པ་དང་ དེ་ནི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་བཀའ་བློན་གྱི་མཛད་འཁུར་བཞེས་པའི་རྗེས་ཨོ་སི་ཁྲོ་ལི་ཡའི་ནང་ཕེབས་ཐེངས་གཉིས་པ་དེ་ཡིན་པ་རེད་ ཕྱི་ཚེས་༢༦ཉིན་བཀའ་བློན་ཁྲི་པ་མཆོག་ཨོ་སི་ཁྲོ་ལི་ཡའི་རྒྱལ་ས་ཁེན་སྦེ་རཱ་ནང་ཕེབས་ནས་ཨོ་སི་ཁྲོ་ལི་ཡའི་རྒྱལ་ཡོངས་གསར་འགོད་ལྷན་ཚོགས་སར་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་ངོ་སྤྲོད་གནང་བ་དང་འབྲེལ་ ཚོགས་བཞུགས་མི་སྣ་ཚོའི་དྲི་བར་དྲི་ལན་སོགས་དུས་ཡུན་ཆོུད་གཅིག་ཙམ་རིང་གཏམ་བཤད་གནང་ཡོད་པ་རེད་ ཉིན་དེའི་ཉིན་རྒྱབ་ཏུ་བཀའ་བློན་ཁྲི་པ་མཆོག་གིས་ཨོ་སི་ཁྲོ་ལི་ཡའི་གྲོས་ཚོགས་གྲོས་ཚོགས་ཀྱི་ཚོགས་གཙོ་དང་ གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་རྣམ་པ་དང་མཇལ་འཕྲད་གནང་སྟེ་ ཨོ་སི་ཁྲོ་ལི་ཡའི་གྲོས་ཚོགས་ནས་ཨོ་སི་ཁྲོ་ལི་ཡ་གཞུང་གིས་བོད་དོན་ཐོག་རྒྱབ་སྐྱོར་གནང་རྒྱུའི་ལས་དོན་སྤེལ་ཕྱོགས་སོགས་གནད་དོན་ཁག་གི་ཐོག་བཀའ་བསྡུར་གནང་ཡོད་འདུག དེ་བཞིན་ཉིན་དེའི་དགོང་དྲོ་བཀའ་བློན་ཁྲི་པ་མཆོག་ནས་ ཨོ་སི་ཁྲོ་ལི་ཡའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་དང་ ཚོང་དོན་ཚོགས་ཆུང་ཐོག་ཆེད་ཕེབས་ཀྱིས་གཏམ་བཤད་སྤེལ་གནང་ཡོད་ཅིང་ བཀའ་བློན་ཁྲི་པ་མཆོག་ནས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཨོ་སི་ཁྲོ་ལི་ཡའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་དང་ཚོང་དོན་ཚོགས་ཆུང་གི་འཐུས་མི་རྣམ་པ་ཚོར་ངོ་སྤྲོད་གནང་བ་དང་འབྲེལ་ བཙན་བྱོལ་བོད་མིའི་དམངས་གཙོའི་ལམ་ལུགས་དང་ བོད་མིའི་སྒྲིག་འཛུགས་་ དེ་བཞིན་དབུ་མའི་ལམ་ངོ་སྤྲོད་གནང་བ་དང་འབྲེལ་ ཨོ་སི་ཁྲོ་ལི་ཡ་དང་ རྒྱ་ནག་དབར་གྱི་འབྲེལ་ལམ་གནད་དོན་སྐོར་སོགས་གཏམ་བཤད་གནང་ཡོད་འདུག ཨོ་སི་ཁྲོ་ལི་ཡའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་དང་ ཚོང་དོན་ཚོགས་ཆུང་དེ་བཞིན་གྲོས་ཚོགས་ཀྱི་ནང་ནས་གལ་འགངས་ཆེ་བའི་ཚོགས་ཆུང་ཞིག་ཡིན་པ་དང་ ད་རེས་བཀའ་བློན་ཁྲི་པས་ཚོགས་ཆུང་དེའི་ཐོག་གཏམ་བཤད་གནང་བའི་སྐབས་ ཨོ་སི་ཁྲོ་ལི་ཡའི་གྲོས་ཚོགས་ཀྱི་ཚོགས་པ་འདྲ་མིན་གྱི་འཐུས་མི་མི་གྲངས་བཅོ་བརྒྱད་ཙམ་ཚོགས་བཞུགས་གནང་ཡོད་པ་རེད་ ཕྱི་ཚེས་༢༧ཉིན་བཀའ་བློན་ཁྲི་པ་མཆོག་གིས་མུ་མཐུད་ནས་ཨོ་སི་ཁྲོ་ལི་ཡའི་གྲོས་ཚོགས་འཐུས་མི་ཁག་དང་ཐུག་འཕྲད་གནང་་རྒྱུ་སོགས་མཛད་རིམ་ཡོད་འདུག