སྨན་པ་མཁས་གྲུབ་ལགས་ལོ་གཉིས་དང་ཟླ་བརྒྱད་ལྷག་རིང་བཀག་ཉར་རྗེས་གློད་གྲོལ་བྱུང་འདུག

2020-06-18
གློག་འཕྲིན།
མཆན།
Share
པར་བཀོད།
མདོ་ལྷོ་རྨ་ཆུ་རྫོང་སྤྱི་བདེ་ལས་ཁུངས་དང་མཁས་གྲུབ་ལགས། ༢༠༡༧
མདོ་ལྷོ་རྨ་ཆུ་རྫོང་སྤྱི་བདེ་ལས་ཁུངས་དང་མཁས་གྲུབ་ལགས། ༢༠༡༧
བོད་འབྱོར།

མདོ་སྨད་རྨ་ཆུ་རྫོང་མུ་ར་ནས་ཡིན་པའི་སྨན་པ་མཁས་གྲུབ་ལགས་བཙོན་གྲོལ་བྱུང་འདུག་ཀྱང་བཀག་ཉར་སྐབས་སྡུག་སྦྱོང་མནར་གཅོད་ཕོག་པར་བརྟེན་སྐུ་གཟུགས་གནས་སྟངས་དེ་ཙམ་ཡག་པོ་མི་འདུག
དེ་ཡང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དུ་བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། དེ་སྔ་རྒྱ་ནག་གཞུང་གིས་ཐེངས་གཉིས་ལ་འཛིན་བཟུང་གིས་བཙོན་འཇུག་བྱས་བ། མདོ་སྨད་རྨ་ཆུ་རྫོང་མུ་ར་ནས་ཡིན་པའི་སྨན་པ་མཁས་གྲུབ་ལགས། རྒྱ་ནག་གཞུང་གིས་སྔ་ཕྱིར་ལོ་གཉིས་དང་ཟླ་བརྒྱད་ཙམ་གྱི་རིང་འཛིན་བཟུང་བཀག་ཉར་བྱས་བའི་རྗེས། སྤྱི་ལོ་༢༠༡༩་ལོའི་ཟླ་༡༠་བའི་ནང་མངོན་གསལ་མེད་པའི་ངང་བཙོན་གྲོལ་བཏང་ཡོད་ཀྱང་། སྐབས་དེར་རྒྱ་ནག་གི་འབྲེལ་ཡོད་ཚན་པས་མི་ཚོགས་འཛོམས་ནས་ཁོང་ལ་བསུ་མ་བྱེད་མི་ཆོག་པའི་བཙན་བཀའ་བཏང་བ་མ་ཟད། བཙོན་གྲོལ་བྱུང་བའི་གནས་ཚུལ་དང་། པར་དང་བརྙན་སོགས་དྲ་ལམ་དང་ཕྱི་ཕྱོགས་སུ་བསྒྲགས་མི་ཆོག་པའི་དམ་དྲག་བྱས་བར་བརྟེན་ད་བར་གནས་ཚུལ་དེ་བོད་ཕྱི་ཕྱོགས་སུ་བསྒྲགས་མ་ཐུབ་པ་གནས་ཚུལ་ངོ་སྤྲོད་པས་འགྲེལ་བརྗོད་གནང་གི་འདུག
ད་དུང་གནས་ཚུལ་ངོ་སྤྲོད་པས། སྨན་པ་མུ་ར་མཁས་གྲུབ་ལགས་རྒྱ་ནག་གཞུང་གིས་བཀག་ཉར་སྐབས་མནར་གཅོད་བཏང་བ་དང་། འཚོ་བཅུད་ཞན་པ་སོགས་ལ་བརྟེན་སྐུ་གཟུགས་ཀྱི་གནས་སྟངས་དེ་ཙམ་ཡག་པོ་མེད་པ་ཡང་འགྲེལ་བརྗོད་གནང་བྱུང་།
སྨན་པ་མུ་ར་མཁས་གྲུབ་ལགས་དེ་སྔོན་༢༠༡༦་ལོའི་སྤྱི་ཟླ་ ༡༢ ་ཚེས་ ༡༣ ་ཉིན་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་གིས་བདུན་ཕྲག་འགའ་ཤས་རིང་བཀག་ཉར་བྱས་རྗེས། མཐར་ ༢༠༡༧སྤྱི་ཟླ་ ༡ ་ཚེས་ ༢༡ ་ཉིན་གློད་གྲོལ་བཏང་ཡོང་ཀྱང་། དེའི་རྗེས་ལོ་དེའི་སྤྱི་ཟླ་ ༢ ་ཚེས་ ༢༧ ་ཉིན་ཀན་ལྷོ་ཁུལ་རྨ་ཆུ་རྫོང་འཐབ་ཕྱོགས་གཅིག་གྱུར་ཁང་གི་མི་སྣ་ཡོང་སྟེ། ཡང་བསྐྱར་ཁོང་གི་གཟིམ་ཤག་ནས་བཙན་ཁྲིད་བྱས་རྗེས་ལོ་གཉིས་དང་ཟླ་བརྒྱད་རིང་བཙོན་འཇུག་བཀག་ཉར་བྱས་ཡོད་པ་རེད།
གནས་ཚུལ་ངོ་སྤྲོད་པས་དེ་སྔ་འཛིན་བཟུང་སྐབས་བཤད་པ་ལྟར་ན། སྨན་པ་མཁས་གྲུབ་ལགས་དེ་སྔ་རྒྱ་གར་དུ་ཕེབས་ནས་དུས་ཡུན་གང་མཚམས་བཞུགས་པ་མ་ཟད་༧གོང་ས་མཆོག་དང་མཇལ་མྱོང་ཡོད་པ་དང་། རྗེས་སུ་ཕྱིར་ཕ་ཡུལ་དུ་འབྱོར་རྗེས་རྒྱ་ནག་གཞུང་གིས་ཁོང་ལ་ཡང་ཡང་འདྲི་གཅོད་དང་ཆབ་སྲིད་ཀྱི་དམིགས་ཡུལ་ཡོད་པའི་བསྙོན་འཛུགས་སྣ་ཚོགས་བྱས་ཡོད་པ་མ་ཟད། རྗེས་སུ་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཏར་བཤིག་དང་གྲྭ་བཙུན་ཕྱིར་ཕུད་བཏང་བ་གཙོས། རྒྱུན་དུ་མི་རིགས་ཁེ་དབང་སྲུང་སྐྱོབ་དང་ཆོས་དད་རང་དབང་སྐོར་ལ་རྩོམ་ཡིག་བྲིས་བ་དང་། གཞན་གྱི་རྩོམ་ཡིག་དང་༧གོང་ས་མཆོག་གི་གསུང་བཤད་སོགས་སྤྱི་ཚོགས་དྲ་ལམ་དུ་བརྒྱུད་འགོད་བྱས་བ་སོགས་ཀྱི་སྐྱོན་འཛུགས་བྱས་ཡོད་པ་ལས། རྒྱ་ནག་གཞུང་གིས་སྔ་ཕྱིར་འཛིན་བཟུང་བྱེད་དགོས་དོན་གནས་ཚུལ་ཁ་གསལ་ནང་མི་ཚོར་བཤད་མེད་པ་རེད་འདུག
སྨན་པ་མཁས་གྲུབ་ལགས་ཡོངས་གྲགས་སུ་མུ་རའི་ལྷ་རྗེ་མཁས་གྲུབ་ཞེས་འབོད་ལ། སྤྱི་ལོ་༡༩༦༧ ་ལོར་རྨ་ཆུ་རྫོང་མུ་ར་ཡུལ་ཚོ་རུ་སྐྱེས་ཤིང་། འཛིན་བཟུང་མ་བྱས་སྔོན་དགོན་པའི་སྨན་ཁང་གི་དབུ་འཛིན་དང་སྨན་པ་གཙོ་བོ་ཡིན་ལ། ས་གནས་དེའི་མི་ཕྱུགས་གཉིས་ཀྱི་ནད་པར་ནད་བཅོས་གནང་གི་ཡོད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།