བླ་ཆེན་རྣམ་པས་༧གོང་ས་མཆོག་གི་སྐུའི་གྱ་སྟོན་ལ་འཚམས་འདྲི།
2015.06.24
༧གོང་ས་མཆོག་གི་གྱ་སྟོན་གྱི་འབུལ་བ་དང་མཆོད་པ་ཡག་ཤོས་བཀའ་གསུངས་ཚུལ་བཞིན་བསྒྲུབ་རྒྱུ་དེ་ཡིན་པ་བླ་ཆེན་ཚོས་གསུངས་འདུག
དེ་ཡང་བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གྱ་སྟོན་གྱི་ཉིན་གཉིས་པའི་མཛད་སྒོའི་ཐོག་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་། གཡུང་དྲུང་བོན་གྱི་དབུ་ཁྲིད་བླ་ཆེན་རྣམ། ཇོ་ནང་པའི་རྒྱལ་ཚབ་རིན་པོ་མཆོག་གིས་དད་གུས་ཆེན་པོའི་སྒོ་ནས་སྐུའི་གྱ་སྟོན་ལ་འཚམས་འདྲིའི་གསུང་བཤད་གནང་འདུག ཐོག་མར་དཔལ་ས་སྐྱ་གོང་མ་བདག་ཁྲི་རིན་པོ་མཆོག་གིས་༧གོང་ས་མཆོག་དགུང་གྲངས་བརྒྱད་བཅུར་བཞེས་པར་༧མགོན་པོ་གང་ཉིད་ལ་མཛའ་ཞིང་བརྩེ་བའི་འཚམས་འདྲི་ཞུས་པ་དང་། ཁོང་གིས་གཙོ་བོ་ད་ནས་བཟུང་བོད་རིགས་ཚང་མས་༧གོང་ས་མཆོག་གི་བཀའ་ཚུལ་བཞིན་དུ་བསྒྲུབ་ཀྱི་ཡིན་བསམ་པའི་དམ་བཅའ་འཇོག་དགོས་པ་དེ་མཛད་སྟོན་གྱི་འབུལ་བའམ་མཆོད་པ་ཡག་ཤོས་ཆགས་ཡོད་སྐོར་སོགས་བཀའ་གནང་འདུག དེ་ནས་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་༧གོང་ས་མཆོག་གི་བཀའ་གནང་བཞག་པ་དེ་སྙིང་ལ་བཅངས་ནས་ལག་ལེན་བསྟར་ན་མཆོད་པའི་ནང་གི་མཆོག་ཏུ་འགྱུར་བའི་ཞིག་ཡིན་སྟབས་ཚང་མས་༧གོང་ས་མཆོག་གི་ཐུགས་དགོངས་བསྒྲུབ་རྒྱུ་གལ་ཆེ་ཡིན་སྐོར་སོགས་བཀའ་གནང་འདུག ཡང་གཡུ་དྲུང་བོན་གྱི་དབུ་ཁྲིད་སྨན་རི་ཁྲི་འཛིན་རིན་པོ་ཆེ་མཆོག་གིས། སྤྱིར་མཁའ་ཁྱབ་ཀྱི་འགྲོ་བ་ཡོངས་དང་བྱེ་བྲག་ཏུ་ཁ་བ་རི་པའི་བསོད་ནམས་ཀྱི་དཔལ་དུ་སྐུ་ཚེ་ཁྲི་ལོར་བརྟན་ནས་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པའི་གསོལ་འདེབས་སོགས་ཞུས་གནང་འདུག དེ་ནས་འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་གིས། གཙོ་བོ་རང་ཅག་ཁ་བ་རི་པའི་བོད་མིས་མཚོན་ས་སྟེང་མི་མང་ཡོངས་ལ་འགྲོ་བ་མིའི་ཐོབ་ཐང་འདྲ་མཉམ་དགོས་པ་དེའི་ཐོག་༧གོང་ས་མཆོག་ད་ལྟ་དགུང་ལོ་བརྒྱད་བཅུར་ཕེབས་པའི་བར་སྐུ་ལས་བསྐྱོན་ནས་འགྲོ་བ་མི་ཡོངས་ཁྱབ་ཀྱི་ཆེད་བཀའ་དྲིན་བསྐྱངས་དང་སྐྱོང་བཞིན་ཡོད་སྐོར་སོགས་བཀའ་གནང་འདུག ཡང་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ནས་གཙོ་བོ་༧གོང་ས་མཆོག་ལ་མཆོད་པ་ཕུལ་རྒྱུ་ཡག་ཤོས་དེ་༧མགོན་པོ་གང་ཉིད་ཐུགས་དགྱེས་རྒྱུ་དེ་ཡིན་སྟབས་༧མགོན་པོ་མཆོག་གིས་བཀའ་གང་གནང་བའི་དགོངས་གཞི་དེ་བོད་མིའི་ཚོའི་ངོས་ནས་གང་ཐུབ་ཅི་ཐུབ་དང་ནུས་པས་གང་ལྕོག་གིས་འགྲུབ་ཐུབ་པ་ཡིན་ན་༧སྐུ་མདུན་ཐུགས་དགྱེས་རྒྱུའི་རྒྱུ་ཡག་པོ་ཡོང་གི་རེད། ༧སྐུ་མདུན་ཐུགས་དགྱེས་རྒྱུ་མ་གཏོགས་ཐུགས་མི་དགྱེས་པའི་ལས་ཀ་ཕྲ་མོ་ཙམ་ཡང་མི་ཡོང་བའི་སྨོན་འདུན་སོགས་ཞུས་གནང་འདུག དེ་བཞིན་དུ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་གི་སྐུ་ཚབ་དང་། འབྲུག་པ་རིན་པོ་ཆེའི་སྐུ་ཚབ། ཀ་ཐོག་དགེ་རྩེ་རིན་པོ་ཆེ་མཆོག་དང་ཇོ་ནང་པའི་རྒྱལ་ཚབ་རིན་པོ་ཆེ་མཆོག་གིས་སྐུའི་གྱ་སྟོན་ལ་འཚམས་འདྲི་ཞུས་གནང་འདུག
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།