རྒྱ་ནག་གཞུང་གིས་བོད་ནང་སྒོར་མོ་སྤྲད་ནས་གནས་ཚུལ་རྩིས་སྤྲོད་བྱེད་པར་འགུག་ཐབས་བྱེད་བཞིན་འདུག

2022.07.18
རྒྱ་ནག་གཞུང་གིས་བོད་ནང་སྒོར་མོ་སྤྲད་ནས་གནས་ཚུལ་རྩིས་སྤྲོད་བྱེད་པར་འགུག་ཐབས་བྱེད་བཞིན་འདུག ལྷ་སའི་ཉེན་རྟོག་ལས་ཁུངས་ཀྱི་གསལ་བསྒྲགས་ངོ་བཤུས།
དྲ་བཤུས། @ga.lasa.gov.cn

ཉེ་ཆར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཁྲུངས་སྐར་གྱི་སྔ་རོལ་ཕྱི་ཟླ་བདུན་པའི་༤ཉིན་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཉེན་རྟོག་ལས་ཁུངས་ཟེར་བས། དོན་ཚན་༡༢ཡོད་པའི་ཁྲིམས་འགལ་ལས་དོན་རིགས་ཀྱི་ཁུངས་སྣེ་རྩིས་སྤྲོད་བྱེད་མཁན་ལ་རྒྱ་སྒོར་སྟོང་གསུམ་ནས་འབུམ་གསུམ་བར་བྱ་དགའ་སྤྲོད་རྒྱུའི་གསལ་བསྒྲགས་སྤེལ་ནས་སྒོར་མོའི་ལམ་ནས་མང་ཚོགས་འགུག་ཐབས་བྱེད་བཞིན་པ་དང་། དེའི་ནང་དོན་ཚན་བདུན་པའི་ནང་ངོ་རྒོལ་ལས་འགུལ་རིགས་ཀྱི་ཆ་འཕྲིན་ཕབ་ལེན་དང་། བཟོ་པ། བརྒྱུད་བསྒྲགས། ཉར་ཚགས་བྱས་ཏེ་མི་མང་མཉམ་རུབ་ཀྱིས་བོད་རང་བཙན་གྱི་འདོད་ཚུལ་སྤེལ་བའི་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ་གོང་རིམ་ལ་རྩིས་སྤྲོད་བྱས་ན་བྱ་དགའ་སྤྲོད་རྒྱུ་ཡིན་པ་དང་། དེ་ཡང་རྩིས་སྤྲོད་བྱས་བའི་གནས་ཚུལ་གྱི་ཁུངས་སྣེའི་རིན་ཐང་ལ་གཞིགས་ནས་དངུལ་གྱི་བྱ་དགའ་སྤྲོད་རྒྱུའི་བྱ་ཐབས་ལག་བསྟར་གཏན་འབེབས་བྱས་ཡོད་པ་དང་། ཁྲིམས་འགལ་ལས་དོན་གྱི་ཁུངས་སྣེ་རྣམ་གྲངས་ཁག་ཅིག་བཏོན་ཡོད་པའི་ནང་། རྒྱ་ནག་རྒྱལ་ཁབ་ཀྱི་སྲིད་དབང་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་དཀྲོག་གཏམ་བཟོ་བ་དང་། ཁྱད་གསོད་དང་དམའ་འབེབས་བྱེད་པ། རྒྱལ་ཁབ་ཀྱི་བདག་དབང་ལ་གནོད་ཚེ་གཏོང་བ་བཅས་ཀྱི་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ། གནོད་འཚེ་ལྡན་པའི་གཏམ་བརྗོད་དང་། དུས་དེབ། སྒྲ་བརྙན་དཔྱད་རྩོམ་སོགས་སྤེལ་བ་དང་བརྒྱུད་བསྒྲགས་བྱས་ནས་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་དང་། མི་རིགས་ཁ་བྲལ་བཟོ་པ། མི་རིགས་བར་འཁོན་འཛིན་ངན་སྐུལ་བྱེད་པ། རྒྱལ་ཁབ་གཅིག་གྱུར་ལ་གཏོར་བཤིག་གཏོང་བ་བཅས་ཀྱི་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ། ཕྱིའི་ལས་ཁུངས་དང་། ཚོགས་སྡེ་འམ་མི་སྒེར་དང་ངན་འབྲེལ་བྱས་ཏེ། རྒྱལ་ཁབ་ཀྱི་གསང་བའམ་གསང་བའི་གནས་ཚུལ་རྐུ་འཁྱེར་དང་། མྱུལ་ཞིབ་དང་བྲིན་འཚོང་བྱེད་རོགས། ཁྲིམས་འགལ་གྱི་མཁོ་འདོན་བྱེས་པ་བཅས་ཀྱི་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ། ཆོས་ལུགས་ཀྱི་མིང་ཐོག་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བ་དང་། ཕྱི་རོལ་གྱི་སྟོབས་ཤུགས་དང་ངན་འབྲེལ་བྱས་ཏེ། ཆོས་ལུགས་ལས་དོན་ལ་ཐེ་གཏོགས་དང་འཁྱོག་བཤད་བྱེད་པའམ་ཡང་ན་བྱེད་ཐབས་གཞན་ལ་བརྟེན་ནས་ངན་སྐུལ་དང་འུད་སྒྲོག་བྱེད་པ་སོགས་ཁྲིམས་གསལ་ཉེས་གསོག་གི་ཁུངས་སྣེ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཁྲིམས་གསལ་ཉེས་གསོག་གི་ཁུངས་སྣེར་རོགས་སྐྱོར་དང་གཞོགས་འདེགས་བྱས་པ། འཇིགས་སྐུལ་རིང་ལུགས་དང་། ཐལ་སྐྱོད་རིང་ལུགས་ཀྱི་དུས་དེབ། སྒྲ་བརྙན་དཔྱད་གཞིའི་ཡིག་རིགས་སམ་དངོས་རྫས་འདྲ་ཤུས་བཟོ་བ་དང་། ཚོང་འགྲེམས་བྱེད་པ། ཉན་པ། ཉར་ཚགས་སོགས་བྱས་པ་དང་། འཇིགས་སྐུལ་རིང་ལུགས་དང་ཐལ་སྐྱོད་རིང་ལུགས་ཀྱི་ནང་དོན་ཚུད་པའི་དར་ཆ་དང་། རྒྱན་གོས། ཡོ་བྱད། དྲན་གསོའི་དངོས་པོ་སོགས་སྒེར་ཉར་བྱེད་པ། འཇིགས་སྐུལ་དང་ཁ་བྲལ་གཏོར་བཤིག་གི་བྱ་བ་དང་སྤྱོད་པ་སོགས་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེར་རོགས་སྐྱོར་བྱེད་པ། དྲ་རྒྱའི་ཐོག་དཀྲོག་གཏམ་བཟོ་བ་དང་དཀྲོག་གཏམ་བརྒྱུད་བསྒྲགས་བྱེད་པའམ་ཡང་ན་ཆབ་སྲིད་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་ལ་གནོད་འཚེ་དང་འབྲེལ་བ་ཡོད་པའི་གཏམ་བརྗོད་སྤེལ་པ་དང་བརྒྱུད་བསྒྲགས་བྱེད་པ། འབར་གས་དང་འབར་སླ་བ། དུག་སྐྱོན། རུལ་བསླད་རང་བཞིན་བཅས་ཀྱི་ཉེན་ཁ་ལྡན་པའི་རྫས་འགྱུར་དངོས་རྫས་གཉེར་སྐྱོང་བྱེད་པ་དང་། སྐྱེལ་འདྲེན། ཉོ་འཚོང་། ཉར་ཚགས་བཅས་སོགས་ཁྲིམས་འགལ་གྱི་ཁུངས་སྣེ་དོན་ཚན་རྣམ་གྲངས་ཁག་༡༢བརྡ་ཁྱབ་བཏང་ཡོད་པ་རེད་འདུག
དེའི་ཐད་བོད་དང་རྒྱ་ནག་གི་གནད་དོན་དབྱེ་ཞིབ་པ་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲིར་གསུངས་ན། སྤྱིར་རྒྱ་ནག་ནང་གནས་སྟངས་ཛ་དྲག་ཡོད་པ་དང་། གཞན་མི་རིང་བར་རྒྱ་ནག་དམར་ཕྱོགས་ཚོགས་པའི་ཚོགས་ཆེན་རིམ་པ་གཉིས་ཚོགས་གྲབས་ཡོད་པར་བརྟེན་མི་མང་ལ་འཇིགས་སྐུལ་དང་། ཚོགས་ཆེན་སྐབས་ངོ་རྒོལ་ལས་འགུལ་རིགས་མི་ཡོང་ཆེད་དེ་ལྟར་གསལ་བསྒྲགས་སྤེལ་བ་ཡིན་སྲིད་པ་འགྲེལ་བརྗོད་གནང་བྱུང་།
གཞན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གསལ་བསྒྲགས་དེའི་ཐད་བློ་ཚབས་དང་མཉམ། རྒྱ་གཞུང་གིས་དངུལ་སྒོར་བེད་སྤྱོད་བཏང་ནས་བོད་མི་ནང་ཁུལ་བར་མི་མཐུན་པ་བཟོ་བ་དང་། ཕན་ཚུན་བར་ཡིད་ཆེས་མེད་པ་བཟོ་སླད་བྱ་སྤྱོད་དེ་རིགས་སྤེལ་བཞིན་པ་སྐྱོན་བརྗོད་བྱས་འདུག

གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དགུང་གྲངས་༥༢ཐོག་འདས་གྲོངས་སུ་ཕྱིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎