ལྷུན་གྲུབ་རྡོ་རྗེ་ལ་ལོ་གཅིག་གི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

2020-12-28
Share
ལྷུན་གྲུབ་རྡོ་རྗེ་ལ་ལོ་གཅིག་གི་བཙོན་འཇུག་ཁྲིམས་ཐག་བཅད་འདུག བོད་མི་ལྷུན་འགྲུབ་རྡོ་རྗེ་ལགས་ཀྱིས་༸གོང་ས་མཆོག་གི་བཀའ་སློབ་རྒྱུད་སྤེལ་བྱས་པས་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་ལོ་གཅིག་གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད་འདུག
འགྲོ་བ་མིའི་ཐོབ་ཐང་ཁང་།

བོད་མདོ་སྨད་མགོ་ལོག་ཁུལ་རྨ་ཆེན་རྫོང་གངས་རི་ཡུལ་མཚོ་ནས་ཡིན་པའི་བོད་རིགས་འབྲོག་པ་ལྷུན་གྲུབ་རྡོ་རྗེ་ལགས་ཕྱི་ཟླ་༡༢ཚེས་༡༤ཉིན་མགོ་ལོག་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་ནས་ཁོང་རྒྱལ་ཁབ་ཁ་བྲལ་གྱི་ངན་སྐུལ་དང་། ཏཱ་ལའི་རུ་ཚོགས་དང་འབྲེལ་བ་བྱས་པའི་ཉེས་མིང་འོག་ལོ་གཅིག་གི་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་ཆབས་ཅིག་ལོ་གཅིག་གི་ཆབ་སྲིད་ཀྱི་ཐོབ་ཐང་འཕྲོག་ཡོད་པ་རེད་འདུག ལྷུན་གྲུབ་རྡོ་རྗེ་ལགས་འདི་ལོ་ཕྱི་ཟླ་༧པའི་ཚེས་༢༣་ཉིན་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་གིས་ཟླ་བ་ལྔའི་རིང་བཀག་ཉར་བྱས་པའི་རྗེས་ཁྲིམས་ཐག་བཅད་ཡོད་པའི་སྐོར་མིང་འདོན་གནང་འདོད་མེད་པའི་བོད་ནང་གི་བོད་མི་ཞིག་གིས་འགྲེལ་བརྗོད་གནང་འདུག ཁོང་གིས་མུ་མཐུད་བརྗོད་དོན་ལ་ལྷུན་གྲུབ་རྡོ་རྗེ་ལགས་ཀྱིས་ཕྱི་ལོ་༢༠༡༩ལོའི་ཕྱི་ཟླ་༢པའི་ཚེས་༥ཉིན་ཁོང་གིས་ཝེ་པཝ་(weibo)དྲ་ལམ་གྱི་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་མི་སྣ་ཚོར་ལོ་གསར་གྱི་འཚམས་འདྲིའི་པར་རིས་དང་། ཡི་གེ་ཁྱབ་སྤེལ་བྱས་པ་མ་ཟད་ཁོང་གི་སྐད་འཕྲིན་གྱི་རྒྱབ་ངོས་སུ་སྐར་ཆ་༡༠ཅན་གྱི་༧གོང་ས་མཆོག་གི་ལོ་གསར་གྱི་ཤིས་ཚིག་གི་བརྙན་ཐུང་རྒྱུད་སྤེལ་བྱས་པ་དང་ཡང་འདི་ལོ་ཕྱི་ཟླ་༣ཚེས་༡༡ཉིན་ཝེ་པཝ་(weibo)དྲ་ཐོག་ཏུ་བོད་རང་བཙན་གྱི་བརྗོད་ཚིག་འཁོད་པའི་པར་རིས་དང་ཡི་གེ་བརྒྱུད་སྤེལ་གནང་བ་དང་ཡང་ལོ་འདིའི་ཕྱི་ཟླ་༥ཚེས་༣ཉིན་ཁོང་གིས་༸གོང་ས་མཆོག་ལ་བསྟོད་པ་དང་སྨོན་ཚིག་གི་བརྗོད་བྱ་དང་མཉམ་དུ་༧གོང་ས་མཆོག་སྐུ་ན་ཕྲ་དུས་སྐབས་ཀྱི་སྐུ་པར་ཞིག་སྤེལ་བ་སོགས་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་པའི་འགྲེལ་བརྗོད་གནང་གི་འདུག གནས་ཚུལ་ངོ་སྤྲོད་པ་དེས་མུ་མཐུད་བརྗོད་ན། ལྷུན་གྲུབ་རྡོ་རྗེ་ལགས་ཀྱིས་སྤེལ་བའི་གནས་ཚུལ་དེར་ཝེ་པཝ་དྲ་ལམ་གྱི་ཐོག་ལྟ་མཁན་མི་གྲངས་༢༣༨༣ལྷག་བྱུང་ཡོད་པ་སོགས་ཀྱི་འགྲེལ་བརྗོད་གནང་སོང་།  ཡང་ཁོང་གི་མགོ་ལོག་འབྲིང་རིམ་མི་མང་ཁྲིམས་ཁང་གིས་ལྷུན་གྲུབ་རྡོ་རྗེ་ལགས་སུ་ཁྲིམས་ཐག་བཅད་པ་དེར་ངོས་ལེན་གྱི་བསྐྱར་དུ་ཞུ་གཏུག་བྱ་རྒྱུ་མིན་སྐོར་ཁས་ལེན་བྱས་ཡོད་སྐོར་བརྗོད་ཀྱི་འདུག  ལྷུན་གྲུབ་རྡོ་རྗེ་ལགས་ནི་ཕྱི་ལོ་༡༩༩༠ལོའི་ཟླ་༨ཚེས་༧ཉིན་སྐྱེས་པ་དང་ད་ལྟ་རང་ལོ་༣༡་ལ་སོན་ཡོད་པ་དང་ཁོང་ནི་འབྲོག་པ་དཀྱུས་མའི་འཚོ་བ་བསྐྱལ་ནས་སྡོད་མཁན་ཞིག་ཡིན་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།