ཚེ་རིང་དང་ལོ་བརྒྱར་ཁྲིམས་ཐག་བཅད་འདུག

རྔ་ཕྱོགས་སུ་བོད་དོན་ལས་འགུལ་བའི་སྣེ་ཁྲིད་པའི་ཉེས་མིང་འོག་བོད་མི་ལོ་བརྒྱ་ཞེས་བར་དུས་བཀག་བཙོན་འཇུག་ཁྲིམས་བཅད་པ་དང་། གཞན་ཚེ་རིང་ལ་ལོ་གཉིས་ཀྱི་ཁྲིམས་ཐག་བཅད་ཡོད་འདུག

2012.08.15

བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པས་བརྗོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༣ ཉིན་སྟེ་རྒྱ་ནག་གི་དཔྱིད་གསར་དུས་ཆེན་ཉིན་རྔ་པ་རྫོང་རྨེའུ་རུ་མའི་ཞང་ཐོག་ནས་མི་མང་བརྒྱ་ཕྲག་བརྒལ་བས་ངོ་རྒོལ་སྐད་འབོད་བྱས་སྐབས་༸གོང་ས་མཆོག་གི་སྐུ་པར་ལག་ཏུ་བཟུང་ནས་མི་མང་གི་སྣེ་ཁྲིད་པའི་ཉེས་མིང་འོག་རྨེའུ་མ་ཞང་རུ་ཆེན་དང་པོའི་དཔལ་ལྡན་ཚང་གི་མག་པ་ལོ་བརྒྱ། རང་ལོ་ ༣༣ ཡིན་པ་ཁོང་ལ་ལོ་ ༤ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག དཔྱིད་གསར་དུས་ཆེན་རྗེས་ལོ་བརྒྱ་དང་རྒྱལ་གཅེས་དཔའ་བོ་གཅོད་པ་ལགས་སོགས་ཉིན་དེའི་ངོ་རྒོལ་སྐབས་ཀྱི་མི་སྣ་གཙོ་བོ་སྐོར་ཞིག་རྒྱ་གཞུང་གི་ཉེན་རྟོག་མི་སྣས་ཐེངས་འགར་བརྩད་གཅོད་བྱས་ཀྱང་བྲོས་བྱོལ་བྱས་སྟབས་ལག་སོན་བྱུང་མི་འདུག་ཀྱང་། རྗེས་སུ་ལོ་བརྒྱ་རྨ་ཆུ་རྫོང་སྨད་མ་ཞང་ནས་འཛིན་བཟུང་གིས་རྔ་པ་རང་སྐྱོང་ཁུལ་གྱི་ལྟེ་གནས་འབར་ཁམས་ནས་ཟླ་བ་ཁ་ཤས་རིང་བཀག་ཉར་འོག་མནར་གཅོད་མང་པོ་མྱངས་མཐར། འབར་ཁམས་ནས་ལོ་ ༤ བཙོན་འཇུག་ཁྲིམས་ཐག་བཅད་དེ་སུ་ཁྲན་མེན་ཡང་བཙོན་ཁང་དུ་བསྐྱལ་ཡོད་འདུག ཁོང་ལ་ཁྲིམས་ཐག་གཅོད་སྐབས་འབྲེལ་ཡོད་ནང་མི་སོགས་ལ་བརྡ་ལན་མ་སྤྲད་པར་ཁྲིམས་འཛིན་མི་སྣས་གང་འདོད་བྱས་པ་ལས། ཁྲིམས་ལུགས་ཀྱིས་ཁོང་ལ་སྤྲད་པའི་ཐོབ་ཐང་གཅིག་ཀྱང་ལག་བསྟར་བྱེད་བཅུག་མེད། ཁོང་ལ་ཤུལ་དུ་ཕྲུ་གུ་གསུམ་དང་། བཟའ་ཟླ། རྒས་གཅོང་མནར་འོག་ཡོད་པའི་བཟའ་ཟླའི་ཕ་མ་གཉིས་བཅས་ཡོད་འདུག

དེ་མིན་རྨ་ཆུ་རྫོང་སྨད་མ་ཞང་བྲག་ཐོ་རུ་ཆེན་གྱི་གྲུ་ཐོག་སྡེ་བའི་སུ་དྷི་ཚང་གི་བུ་ཚེ་རིང་༼གདུགས་དཀར་༽ཡང་ལོ་བརྒྱ་དང་མཉམ་དུ་སྐབས་ཐོག་དེར་འཛིན་བཟུང་བྱས་ཏེ་རྗེས་སུ་རྔ་པ་རང་སྐྱོང་ཁུལ་གྱི་ལྟེ་གནས་འབར་ཁམས་ནས་ལོ་བརྒྱ་སྦས་སྐུང་བྱས་པའི་ཉེས་མིང་འོག་ལོ་ ༢ ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་བཙོན་འཇུག་བྱས་ཡོད་ཀྱང་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མ་ཐུབ།

དེ་བཞིན་ལོ་བརྒྱ་དང་ཕ་མ་གཅིག་པའི་སྲིང་མོ་བྱམས་པ། རང་ལོ་ ༣༨ ཡིན་པ་ཁོ་མོ་དཔྱིད་གསར་དུས་ཆེན་ཉིན་འཛིན་བཟུང་གིས་ཟླ་བ་གཅིག་ལྷག་བཀག་ཉར་བྱས་རིང་གཅར་རྡུང་མནར་གཅོད་དྲག་པོ་བཏང་བར་བརྟེན། དེང་སྐབས་ད་རུང་དྲག་བསྐྱེད་མ་བྱུང་བར་རང་ཁྱིམ་དུ་ནད་མནར་འོག་ལྷག་ཡོད་ཅིང་། ཁོ་མོར་ཕྲུ་གུ་གསུམ་ཡོད། ལོ་བརྒྱ་དང་ཁོའི་སྲིང་མོ་བྱམས་པ་གཉིས་ཀྱི་ཕ་མིང་ལ་མཛུག་པོ་དང་། མ་མིང་ལ་རིག་ལི་ཡིན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་ཕྱིའི་རོགས་དངུལ་ཡོང་ཕྱིར་ཅུང་ངང་སྲིང་དགོས་པ་གནས་ཆུང་ཆོས་རྒྱལ་ནས་བཀའ་ལུང་ཕེབས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་ཆི་ཁ་གྷོ་སྒྱུ་རྩལ་བསྟི་གནས་ཁང་གིས་དུས་རབས་བཅུ་གཉིས་པའི་སྐབས་ཀྱི་སངས་རྒྱས་ཀྱི་སྐུ་བརྙན་ཞིག་བལ་ཡུལ་དུ་ཕྱིར་སློག་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎