དབུ་མའི་ལམ་གྱི་གཞོན་སྐྱེས་བསམ་བློ་བའི་ཚོགས་འདུ་ཐེངས་གསུམ་པ་རྡ་སར་ཚོགས་འདུག

2022.09.19
Share on WhatsApp
Share on WhatsApp
དབུ་མའི་ལམ་གྱི་གཞོན་སྐྱེས་བསམ་བློ་བའི་ཚོགས་འདུ་ཐེངས་གསུམ་པ་རྡ་སར་ཚོགས་འདུག དབུ་མའི་ལམ་གྱི་གཞོན་སྐྱེས་བསམ་བློ་བའི་ཚོགས་འདུ་ཐེངས་གསུམ་པ་རྡ་སར་ཚོགས་སྐབས། ༠༩།༡༩།༢༠༢༢
RFA / Dhasa

བཞུགས་སྒར་དུ་རྟེན་གཞི་བྱས་པ་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གིས་གོ་སྒྲིག་གནང་སྟེ། བཞུགས་སྒར་རྡ་སྟེང་བོད་ཁྱིམ་གྱི་ཞི་བདེ་ཚོགས་ཁང་དུ། སྤྱི་ཟླ་༩པའི་ཚེས་༡༨ནས་༡༩བར། དབུ་མའི་ལམ་གྱི་ཐོག་གཞོན་སྐྱེས་བསམ་བློ་བའི་ཚོགས་འདུ་ཐེངས་གསུམ་པ་ཚོགས་ཡོད་པ་དང་། རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་གཙོ་དགེ་བཤེས་བློ་བཟང་ཆོས་འཕེལ་ལགས་ཀྱིས། བོད་མི་སྤྱི་དང་ཁྱད་པར་དུ་གཞོན་སྐྱེས་ཤེས་ཡོན་ཚོར་དབུ་མའི་ལམ་གྱི་གོ་རྟོགས་ངེས་པར་དགོས་པར་མཐོང་སྟེ། དབུ་མའི་ལམ་གྱི་གཞོན་སྐྱེས་བསམ་བློ་བའི་ཚོགས་འདུ་བསྐོངས་པ་ཡིན་པ་ངོ་སྤྲོད་གནང་བྱུང་།
དབུ་མའི་ལམ་གྱི་གཞོན་སྐྱེས་བསམ་བློ་བའི་ཚོགས་འདུ་དེར་སྤྱི་ལོ་༢༠༡༨དང་༢༠༡༩ལོར། རྒྱ་གར་ནང་གི་ས་ཕྱོགས་གང་ས་ནས་ཡོང་བའི་གཞོན་སྐྱེས་ཚོ་ཚོགས་ཞུགས་གནང་ཡོད་ནའང་། ད་ལོར་བཞུགས་སྒར་ཉེ་འཁོར་དུ་ཡོད་པ་ཚོ་གལ་ཆེན་དུ་མཐོང་སྟེ། མཐོ་སློབ་གཉིས་དང་སློབ་གྲྭ་གཞན་ཁག་གསུམ། དེ་ཚོར་མ་ཚུད་པའི་གཞོན་སྐྱེས་ཤེས་ཡོན་ཅན་སོགས། ཁྱོན་བསྡོམས་ཚོགས་ཞུགས་པ་༥༦ལ་ཉིན་གཉིས་རིང་། དབུ་མའི་ལམ་དང་འབྲེལ་ཏེ་མཁས་པའི་གསུང་བཤད་དང་དྲི་བར་དྲིས་ལན་བཅས་གོ་སྒྲིག་གནང་ཡོད་ཅིང་། དབུ་མའི་ལམ་དང་བོད་མི་རིགས་ཀྱི་ཕུགས་འདུན་གྱི་བརྗོད་གཞི་ལ་གསུང་བཤད་གནང་མཁན། ཉམས་ཞིབ་པ་དང་རྩོམ་པ་བོ་ཤེས་དར་རྒྱས་ལགས་ནས། ཁོ་རང་གིས་གཙོ་ཆེར་ལོ་རྒྱུས་དང་འབྲེལ་ཏེ་དབུ་མའི་ལམ་གྱི་རྒྱབ་ལྗོངས་སྐོར་བཤད་པ་འགྲེལ་བརྗོད་གནང་གི་འདུག
ཚོགས་ཞུགས་པ་སཱཧ་རཱ་མཐོ་སློབ་ཀྱི་སློབ་ཕྲུག་ཡེ་ཤེས་སྒྲོལ་དཀར་ལགས་ནས། ཉིན་གཉིས་རིང་གི་ཚོགས་འདུ་བརྒྱུད་མོ་རང་གིས་བོད་རང་བཙན་རྩོད་རྒྱུ་ལས་དབུ་མའི་ལམ་དེ་གལ་ཆེན་དུ་མཐོང་བ་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་རྡ་སྟེང་བོད་ཁྱིམ་གྱི་སློབ་ཕྲུག་རིན་ཆེན་རྡོ་རྗེ་ལགས་ནས། ཁོ་རང་ཚོགས་འདུ་ལ་ཞུགས་པ་ཐེངས་མ་དང་པོ་ཡིན་པ་དང་། དབུ་མའི་ལམ་གྱི་གོ་རྟོགས་དེ་ཙམ་མེད་ནའང་། དེང་སང་གི་གནས་སྟངས་ལ་གཞིགས་རྒྱ་ནག་གིས་བོད་རང་བཙན་ཁས་ལེན་བྱེད་མི་བྱེད་པ་དང་། དབུ་མའི་ལམ་ནི་ཕྱོགས་གཉིས་ཀ་གཉིས་སྨན་ཡིན་པས་ཡག་པོ་མཐོང་བ་འགྲེལ་བརྗོད་གནང་བྱུང་།
རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་དབུ་མའི་ལམ་གྱི་ཐོག་གཞོན་སྐྱེས་བསམ་བློ་བའི་ཚོགས་འདུ་ཐེངས་༣པ་དེར། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཡང་སྟེང་རིན་པོ་ཆེ་མཆོག་གིས། ༧གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་ངོ་སྤྲོད་དང་། སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས། དབུ་མའི་ལམ་དང་བོད་རྒྱ་འབྲེལ་མོལ་གྱི་སྐོར་ལ་ངོ་སྤྲོད། བོད་མིའི་སྒྲིག་འཛུགས་ཀྱི་དྲུང་འཕར་བསྟན་འཛིན་ལེགས་བཤད་ལགས་ཀྱིས། དབུ་མའི་ལམ་དང་བོད་ཀྱི་ལོ་རྒྱུས་གནས་བབ་ངོ་སྤྲོད། ཉམས་ཞིབ་པ་ཤེས་རབ་དར་རྒྱས་ལགས་ཀྱིས། དབུ་མའི་ལམ་དང་བོད་མི་རིགས་ཀྱི་ཕུགས་འདུན་སྐོར་ངོ་སྤྲོད་གནང་ཡོད་ཅིང་། དབུ་མའི་ལམ་ནི་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་༧གོང་ས་མཆོག་གིས་སྤྱི་ལོ་༡༩༨༧ལོར་ཞི་བའི་གྲོས་འཆར་དོན་ཚན་ལྔ་བཏོན་པ་དང་། དེའི་རྒྱས་བཤད་སྤྱི་ལོ་༡༩༨༨ལོའི་སི་ཏྲ་སི་སྦིར་གྷི་ཡི་གསུང་བཤད་བཅས་གཞི་རྩར་བཟུང་སྟེ། སྤྱི་ལོ་༡༩༨༨ལོའི་ཟླ་༦པའི་ནང་བཀའ་ཤག་དང་སྤྱི་ལྷན། གཞུང་ཞབས་པ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག བོད་ནས་གསར་འབྱོར་གྱི་སྐུ་ཚབ་སོགས་ལྷན་ཚོགས་ཀྱིས། བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་དབུ་མའི་ལམ་གྱི་སྲིད་བྱུས་སྤྱི་མོས་གཏན་འབེབས་གནང་བ་ཡིན་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གིས་སྲིད་བྱུས་ལ་འགྱུར་བ་མ་བཏང་ན་ཞི་ཅིན་ཕིང་ལ་ལོ་རྒྱུས་ཀྱི་ནག་ཉེས་ཕོག་སྲིད། སྲིད་སྐྱོང་མཆོག་གིས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ནུབ་ཕྱོགས་ཡར་ཐོན་ཅན་གྱི་མང་ཚོགས་ཁྲོད་རྒྱ་ནག་ལ་བལྟ་ཚུལ་སྡུག་ཏུ་འགྲོ་བཞིན་པའི་སྙན་ཐོ་བཏོན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎