མགོ་ལོག་ཏུ་དགེ་འདུན་པ་ཞིག་གིས་རང་ལུས་མེར་བསྲེགས།
2012.01.08
༄༅༎དེ་རིང་ཕྱི་ལོ་༢༠༡༢ཟླ་བ་༡ཚེས་༨རེས་གཟའ་ཟླ་བའི་ཉིན་མཚོ་སྔོན་ཞིང་ཆེན་གི་མགོ་ལོག་ཁུལ་མདའ་རི་རྫོང་ལ་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པའི་སྐོར་འདི་ག་རླུང་འཕྲིན་ཁང་དུ་བོད་ནས་གནས་ཚུལ་རིམ་པ་འབྱོར་བའི་ནང༌། དེ་རིང་ཕྱི་ཚེས་༨ཉིན་གྱི་ཞོགས་པའི་ཚོུད་དྲུག་པ་ཡོལ་ཙམ་ལ་མཚོ་སྔོན་ཞིང་ཆེན་མགུ་ལོག་ཁུལ་གྱི་གྲོང་ཁྱེར་གཙོ་བོ་མདའ་རི་རྫོང་གི་ལྟེ་གནས་སུ་དགུང་གྲངས་༤༢ ལ་ཕེབས་པའི་གོ་ལོག་དུང་སྐྱབས་དགོན་པའི་སྤྲུལ་སྐུ་བསོད་ནམས་དབང་རྒྱལ་ལགས་ཀྱིས་སྐུ་ལུས་ལ་ཆོས་གོས་སེར་པ་བཞེས་ཤིང་ས་སྣུམ་ཤོས་ཏེ་རང་ལུས་མེར་བསྲེགས་བཏང་བའི་རྗེས་དེ་ག་རང་དུ་དགོངས་པ་རྫོགས་དང༌། ཁོང་གི་སྐུ་ཕུང་རྒྱ་མའི་ཉེན་རྟོག་པས་འཁྱེར་ཕྱིན་པའི་རྗེས་ས་གནས་བོད་མི་ཚོས་སྐུ་ཕུང་རྩིས་སྤྲོད་དགོས་པའི་རེ་འདུན་བྱས་ཀྱང་ཉན་འཇོགས་མ་བྱས་པར་བརྟེན་བོད་མི་ཚོས་ས་གནས་ཉེན་རྟོག་ལས་ཁུངས་སུ་བསྐྱོད་དེ་ངོ་རྒོལ་གྱིས་ཉེན་རྟོག་ལས་ཁང་གི་སྒོ་དང་སྒེའུ་ཁུང་ཆགས་སྐྱོན་བཏང་བའི་གནས་ཚུལ་བྱུང་ཡོད་པར་བརྟེན་དེ་ཉིན་རང་ཁོང་གི་སྐུ་ཕུང་བོད་མི་ཚོར་རྩིས་སྤྲོད་བྱས་པ་དང༌། བོད་མི་ཚོས་ཁོང་གི་སྐུ་ཕུང་འཁྱེར་ཏེ་ཁྲོམ་གཞུང་དུ་ངོ་རྒོལ་གྱི་ཁྲོམ་སྐོར་བྱས་ཡོད་པའི་གནས་ཚུལ་ངོ་སྤྲོད་གནང་ཡོད་པ་རེད།
ཡང་བོད་ནས་གནས་ཚུལ་ངོ་སྤྲོད་གནང་མཁན་གཞན་ཞིག་གིས་གསུང་ན། ཁོང་འཁྲུངས་ཡུལ་ནི་སྒ་སྡེ་རྫོང་གི་སྒོ་མོ་ཤང་ནས་ཡིན་པ་དང༌། ཁོང་གིས་རང་ལུས་མེར་བསྲེག་མ་བཏང་གོང་མདའ་རི་རྫོང་གི་རིའི་སྟེང་བསྐྱོད་དེ་སྐུ་བསང་ཕུལ་བ་དང༌། རང་ལུས་མེར་བསྲེགས་བཏང་བའི་སྐབས་བོད་ལ་རང་དབང་དགོས་ཅེས་དང་། རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཞབས་པད་བརྟན་པ་ཤོག་ཅེས་སྐད་འབོད་བྱས་ཤིང་རླུང་རྟ་དང་ཡི་གེ་ཡང་གཏོར་བ་མ་ཟད། ད་དུང་རྫོང་གི་གྱང་ལྡེབས་སུ་ཡང་ཡི་གེ་མང་པོ་སྦྱར་ཡོད་པའི་གནས་ཚུལ་དང༌། ས་གནས་ཀྱི་བོད་མིས་བརྗོད་པར་གཞིགས་ན། ཡི་གེའི་ནང་དོན་དུ། བོད་ལ་རང་དབང་དང་བདེ་སྐྱིད་ཆེད་དུ་དང། དེ་བཞིན་དུ་སྤྱི་ལོ་༢༠༠༩ ནས་བཟུང་རང་ལུས་མེར་བསྲེགས་བཏང་མཁན་གྱི་བོད་མིར་དྲན་གསོ་ཞུ་བའི་ཆེད་དུ་རང་སྲོག་བློས་གཏོང་བྱས་པ་ལས་སྒེར་གྱི་ཁེ་ཕན་ཆེད་དུ་མིན་པ་དང༌། དམིགས་བསལ་རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཡུན་རིང་བརྟན་པའི་ཆེད་དུ་ཡིན་པས་བོད་མི་ཚོས་མ་འོངས་པའི་མདུན་ལམ་ལ་ཡིད་ཆེས་མ་བརླག་པ་བྱ་དགོས། བོད་ལ་བདེ་སྐྱིད་ཀྱི་ཉིན་མོ་ཞིག་ཤར་ངེས་རེད་ཅེས་བྲིས་ཡོད་པ་དང༌། ཡང་ཡི་གེ་འགའ་ཤས་ནང་བོད་མི་ཚོ་རྒྱ་མི་ལྟོ་བཟའ་རྒྱུ་མེད། རྒྱ་མིའི་དངོས་ཟོག་ཉོ་རྒྱུ་མེད། བོད་མི་རང་ཉིད་ཀྱི་དཔལ་འབྱོར་ལ་རོགས་སྐྱོར་དགོས་ཞེས་དང་། བོད་མི་ནང་ཁུལ་མཐུན་སྒྲིལ་བྱེད་དགོས་པ་ལས་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་ཐེན་འཁྱེར་བྱ་རྒྱུ་མེད་པའི་སྐོར་བྲིས་གནང་ཡོད་པ་རེད།།