སྨོན་ལམ་རིག་ནུས་ཚོད་ལྟ་རིམ་པ་དང་པོ་དངོས་སུ་འགྲེམས་སྤེལ་གནང་སོང་།

2023.11.03
སྨོན་ལམ་རིག་ནུས་ཚོད་ལྟ་རིམ་པ་དང་པོ་དངོས་སུ་འགྲེམས་སྤེལ་གནང་སོང་། སྨོན་ལམ་རིག་ནུས་ཚོད་ལྟ་རིམ་པ་དང་པོ་དངོས་སུ་འགྲེམས་སྤེལ་གནང་སྐབས། ༡༡།༠༣།༢༠༢༣
བསྟན་འཛིན་དོན་ཡོད། RFA/Dhasa

འཛམ་གླིང་སྤྱི་ལ་ཚན་རིག་དང་འཕྲུལ་ལས་ཡར་རྒྱས་ཤུགས་ཆེ་ཕྱིན་པ་དང་བསྟུན། འཕྲུལ་ཆས་ཀྱི་(Artificial intelligence)་རིག་ནུས་ལ་བརྟེན་ནས་གནས་ཚུལ་རྙོག་འཛིང་དང་སྣེ་མང་ལ་དབྱེ་ཞིབ་དང་འཚོལ་བཤེར། ངོས་འཛིན་དང་ཤེས་རྟོགས་ཐུབ་པ་མ་ཟད། སྐད་ཡིག་འདྲ་མིན་ཕར་ཚུར་རང་འགུལ་གྱིས་བསྒྱུར་ཐུབ་པར་བྱེད་པ་སོགས་ཡར་རྒྱས་ཆེན་པོ་གཏོང་བཞིན་པ་དང་མཚུངས། སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གིས་ཀྱང་དུས་རབས་ཀྱི་འགྱུར་བ་དང་མཐུན་པའི་ཐོག་ནས། བོད་ཡིག་དང་བོད་སྐད་ཀྱི་ལམ་ནས་བཀོལ་སྤྱོད་ཐུབ་པའི་སྨོན་ལམ་རིག་ནུས་ཟེར་བ་གསར་དུ་བཟོས་ཏེ། སྤྱི་ཟླ་༡༡པའི་ཚེས་༣ཉིན་བཞུགས་སྒར་བོད་ཀྱི་ཟློས་གར་ཚོགས་ཁང་དུ་ཚོད་ལྟ་རིམ་པ་དང་པོ་དབུ་འབྱེད་གནང་སོང་ལ། དབུ་འབྱེད་མ་བྱས་བའི་སྔོན་སྨོན་ལམ་རིག་ནུས་གསར་པ་འདི་བཟོ་བསྐྲུན་གྱི་འབྲེལ་ཡོད་ལས་མི་ཚོར། བཞུགས་སྒར་ཕོ་བྲང་དུ་༧གོང་ས་མཆོག་གིས་དམིགས་བསལ་མཇལ་ཁ་དང་འབྲེལ་ཏེ། སྨོན་ལམ་རིག་ནུས་ཀྱི་སྐོར་ཆེད་དུ་སྤྱན་བསྟར་ཞུས་པར་མགོན་པོ་གང་ཉིད་ནས་བསྔགས་བརྗོད་ཀྱང་ཕེབས་ཡོད་པ་རེད་འདུག
དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་གསུངས་ན། ད་རེས་ཀྱི་སྨོན་ལམ་རིག་ནུས་དེར་དབྱིན་ཡིག་བོད་ཡིག་ཕར་ཚུར་བསྒྱུར་བ་དང་། བོད་སྐད་ཀྱི་ལམ་ནས་བཤད་པ་ཡིག་ཐོག་ཏུ་འབེབས་ནུས་པ། ཡིག་ཐོག་ཏུ་ཡོད་པ་བོད་སྐད་ཀྱི་ལམ་ནས་ཀློག་འདོན་ཐུབ་པ། ཤིང་པར་སོགས་གློག་ཀླད་ནང་མ་བཅུག་པའི་དཔེ་ཆའི་རིགས་དཔར་བླངས་ཏེ་གློག་ཀླད་ནང་རང་འགུལ་གྱིས་འཇུག་ཐུབ་པ་སོགས་ཀྱི་ནུས་པ་སྟེ། མདོར་ན་ཁ་མིག་རྣ་གསུམ་གྱི་ནུས་པ་ཚང་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་གསུངས་ན། ཁོང་ཚོའི་རིག་ནུས་དེའི་དམིགས་བསལ་གྱི་ཁྱད་ཆོས་ནི། ཆོས་དང་རིག་གཞུང་། གསར་འགྱུར་དང་ཆེད་རྩོམ་སོགས་ག་རེ་བོད་ཡིག་ཏུ་བསྒྱུར་ན། བོད་སྐད་རང་གི་གཤིས་ཉམས་ཇི་བཞིན་དུ་ཡོང་ཐུབ་པ་སོགས་ཀྱིས། ཉེ་ལམ་བོད་དང་ནུབ་ཕྱོགས་ཀྱི་ལོ་ཙཱ་བ་དེ་འདྲས་ཚོད་ལྟ་བྱས་པར། རིག་ནུས་ཀྱིས་ལོ་ཙཱའི་དུས་ཡུན་ལྡབ་བཅུ་ལྷག་ཇེ་ཡངས་དང་ཇེ་མགྱོགས་སུ་གཏོང་ཐུབ་པ་དང་། དེས་རིག་གཞུང་ནང་འདྲེན་དང་དུས་རབས་ཀྱི་རྗེས་ཟིན་པར་ཕན་ཐོགས་འབྱུང་བའི་རེ་བ་ཡོད་པ་གསུངས་བྱུང་།
སྨོན་ལམ་རིག་ནུས་གསར་བསྐྲུན་གྱི་བརྒྱུད་རིམ་ནང་ཕྱག་ལས་གནང་མཁན་བརྒྱ་ཆ་༩༧བོད་རིགས་གཞོན་སྐྱེས་ཚོ་དང་བརྒྱ་ཆ་༢གྲྭ་བཙུན་དང་བརྒྱ་ཆ་༡ཕྱི་རྒྱལ་གྱི་སློབ་ཕྲུག་བཅས་ཡིན་པ་དང་། རིག་ནུས་ཀྱི་མཉེན་ཆས་བཟོ་བསྐྲུན་འགན་འཛིན་བསྟན་འཛིན་སྐལ་ལྡན་ལགས་ནས། ཁོང་ཚོས་བོད་ཡིག་གི་གློག་རྡུལ་རིག་ནུས་ཤིག་ལ་སྦྱོར་བརྡར་སྤྲད་ཡོད་པ་དེ། ཡར་རྒྱས་རིམ་བཏང་གིས་རིག་ཚན་སྣ་ཚོགས་ཀྱི་སྟེང་བཀོལ་ཐུབ་ཀྱི་ཡོད་པས། བོད་མི་མཉེན་ཆས་བཟོ་སྐྲུན་པ་སུ་རུང་གིས་བེད་སྤྱོད་བཏང་ན་དགའ་བསུ་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།
སྨོན་ལམ་རིག་ནུས་ཚོད་ལྟ་འགྲེམས་སྤེལ་གྱི་མཛོད་སྒོ་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་བཅས་གཞུང་འབྲེལ་མི་སྣ་དང་། ཤེས་ཡོན་པ་དང་གཞོན་སྐྱེས་དོ་སྣང་ཅན་མང་པོ་ཞིག་བཅར་འདུག་ལ། སྨོན་ལམ་རིག་ནུས་གསར་བསྐྲུན་གྱི་ནང་ཕྱག་ལས་གནང་མཁན་ཚོས་རིག་ནུས་ཀྱི་རྣམ་གྲངས་སྡེ་ཚན་འདྲ་མིན་དུ་བཀར་ཏེ་ངོ་སྤྲོད་ཀྱང་གནང་ཡོད་པ་དང་། རིག་ནུས་འདི་བཀོལ་སྤྱོད་བྱེད་པར་(MonlamAI)་སྨོན་ལམ་རིག་ནུས་ཟེར་བའི་ཁ་བྱང་སྟེང་ནས་འཇུག་ཐུབ་པ་དེ། ཟླ་བ་ཁ་ཤས་རིང་རིན་མེད་ཀྱི་ལམ་ནས་བཀོལ་ཆོག་གི་ཡོད་པ་རེད།


གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྤྱི་ནོར་༧གོང་ས་མཆོག་འདི་ཚེས་༢༢ཉིན་ཕྱིར་བཞུགས་སྒར་རྡ་རམ་ས་ལར་ཆིབས་བསྒྱུར་མཛད་ཀྱི་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་ཕྱིར་འཐེན་བྱས་པར་བློ་ཕམ་ཡོད་པའི་གསལ་བསྒྲགས་སྤེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎