རྡ་སར་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མིར་དགའ་བསུའི་མཛད་སྒོ།
2017.05.05
༧གོང་ས་མཆོག་དབུ་བཞུགས་ཐོག་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ལ་ཆེ་བསྟོད་ཞུ་རྒྱུའི་གཞུང་འབྲེལ་མཛད་སྒོ་ཚོགས་འཆར་འདུག
དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་དོན། ཨ་རིའི་གྲོས་ཚོགས་འོག་མའི་དམངས་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་(Nancy Pelosi) མཆོག་གིས་སྣེ་ཁྲིད་པའི་གྲོས་ཚོགས་འཐུས་མི་བརྒྱད་ཀྱིས་གཙོས་མི་གྲངས་ ༢༩ ལས་གྲུབ་པའི་ཨ་རིའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་སྤྱི་ཟླ ༥ ཚེས ༩ ནས ༡༠ བར་བཞུགས་སྒར་རྡ་རམ་ས་ལར་འཚམས་གཟིགས་སུ་ཕེབས་གཏན་འཁེལ་ཡོད་པ་རེད།
སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས། ཨ་རིའི་གྲོས་ཚོགས་ཀྱི་དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པ་ཐུན་མོང་ལས་གྲུབ་པའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དུ་འཚམས་གཟིགས་ཕེབས་སྐབས་བོད་མིའི་སྒྲིག་འཛུགས་ཀྱིས་དགའ་སྤོབས་ཆེན་པོས་ཁོང་རྣམ་པར་ཕེབས་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག
དེ་བཞིན་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག་ཀྱང་མཛད་རིམ་དེ་དག་དང་འབྲེལ་ཨ་རི་ནས་བཞུགས་སྒར་རྡ་རམ་སླ་ལར་ཕེབས་འབྱོར་ཟིན་ཡོད་པ་རེད།
སྤྱི་ལོ་ ༢༠༠༨ ལོར་བོད་ས་ཁྱོན་ཡོངས་སུ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བའི་སྐབས་ཏེ། ལོ་དེའི་ཕྱི་ཟླ་ ༣ ནང་ལྕམ་ནེན་སི་པ་ལོ་སི་མཆོག་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་གནང་ཞིང་། སྐབས་དེར་ཁོང་ནི་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལས་ཐོག་པ་ཡིན་པ་དང་། དེ་ཁོང་གིས་རྒྱ་ནག་གཞུང་གིས་བོད་ཐོག་བཟུང་བའི་སྲིད་ཇུས་ལ་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པ་རེད།
བོད་མིའི་སྒྲིག་འཛུགས་ཀྱིས་ཐེངས་འདིར་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ལ་ཆེ་བསྟོད་ཞུ་ཆེད། ༧གོང་ས་མཆོག་༧སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱིས་སྤྱི་ཟླ་ ༥ ཚེས་ ༡༠ ཉིན་གྱི་སྔ་དྲོར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་གཞུང་འབྲེལ་མཛད་སྒོ་ཞིག་གོ་སྒྲིག་ཞུ་རྒྱུ་དང་། མཛད་སྒོ་དེ་ཕྱི་དྲིལ་དྲ་བརྙན་ཚན་པས་ཐད་ཀར་རྒྱང་སྲིང་བྱེད་རྒྱུ་ཡིན་པ་རེད།
སྤྱི་ལོ ༢༠༡༥ ཕྱི་ཟླ ༡༡ པར་ལྕམ་ནན་སི་པེ་ལོ་སི་མཆོག་གིས་དབུ་ཁྲིད་པའི་གྲོས་ཚོགས་འཐུས་མི་བཞིས་གྲུབ་པའི་ཚོགས་ཆུང་ཞིག་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་གི་ངོ་བོས་བོད་རང་སྐྱོང་ལྗོངས་སུ་གཟིགས་སྐོར་དུ་ཕེབས་ཡོད་ཅིང་།
གྲོས་ཚོགས་འཐུས་མི་དེ་དག་ནི། གྲོས་ཚོགས་འོག་མའི་མང་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་དང་། གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཨི་ལོ་ཡི་ཊི་ཨེན་ཇེལ་ Eliot Engel མཆོག སྐུ་ཞབས་ཇིམ་སེན་སེན་བྷེར་ནར་ Jim Sensenbrenner མཆོག སྐུ་ཞབས་ཇིམ་མེག་གྷོ་ཝན་ Jim McGovern མཆོག གྲོས་ལྕམ་སྐུ་བྷེ་ཊི་མེག་ཀ་ལམ་ Betty McCollum མཆོག ལྕམ་སྐུ་ཇོ་སི་བྷི་ཊི་ Joyce Beatty མཆོག ལྕམ་སྐུ་པར་མི་ལཇ་ཡ་པཱལ་ Pramila Jayapal མཆོག་བཅས་ཡིན་པ་རེད།
གསར་འགོད་པ་སྟག་ལྷ་རྒྱལ།