དཀའ་རྙོག་སེལ་མ་ཐུབ་ཚེ་དུས་ཟིང་འབྱུང་སྲིད་རྒྱུའི་ཉེན་བརྡ།


2016-04-05
Share
བལ་ཡུལ་རྒྱལ་སའི་ཉེན་རྟོག་པ། ༢༠༡༥།༩།༢༧ བལ་ཡུལ་རྒྱལ་སའི་ཉེན་རྟོག་པ། ༢༠༡༥།༩།༢༧
ཀླུ་འབུམ།

དེ་ཡང་རྒྱལ་སྤྱིའི་ཛ་དྲག་ཉེན་སེལ་གྱི་ཚོགས་པ་(the International Crisis Group)་ཟེར་བ་དེས་སྙན་ཐོ་ཞིག་བཏོན་པའི་ནང་། བལ་ཡུལ་གྱི་རྩ་ཁྲིམས་གསར་པའི་ནང་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་དང་འབྲེལ་བའི་དཀའ་རྙོག་ཁག་མགྱོགས་མྱུར་སེལ་མ་ཐུབ་ཚེ། སླར་ཡང་རྒྱལ་ཁབ་ཀྱི་ནང་དུས་ཟིང་འབྱུང་སྲིད་རྒྱུའི་ཉེན་བརྡ་བཏང་འདུག
སྔ་ལོ་ཕྱི་ཟླ་༩་པའི་ནང་གཏན་འབེབས་བྱས་པའི་རྩ་ཁྲིམས་གསར་པའི་གནད་དོན་གྱི་རྐྱེན་པས་བལ་ཡུལ་ལྷོ་ཕྱོགས་མ་དྷེ་ཤིའི་མི་རིགས་དང་བལ་ཡུལ་ཉེན་རྟོག་པའི་དབར་འཁྲུག་འཛིང་བྱུང་སྟེ་ཉུང་མཐར་མི་གྲངས་༥༠་ཙམ་གྱི་ཚེ་སྲོག་ཤོར་ཡོད་པ་དང་། ཟླ་བ་མང་པོའི་རིང་སྨན་དང་རྡོ་སྣུམ། བཟའ་བཅའ་དང་དེ་མིན་གྱི་དགོས་མཁོ་འཁྱེར་བའི་སྤྱི་སྤྱོད་རླངས་འཁོར་རྒྱ་གར་དང་བལ་ཡུལ་གྱི་ས་མཚམས་སུ་བཀག་སྟེ་བལ་ཡུལ་རྒྱལ་ཁབ་ཀྱི་གནས་སྟངས་ཛ་དྲག་ཅན་ཞིག་བཟོས་ཡོད་པ་རེད།
བལ་ཡུལ་ལྷོ་ཕྱོགས་སུ་གནས་པའི་མ་དྷེ་ཤིའི་མི་རིགས་ཚོས་རྩ་ཁྲིམས་གསར་པའི་ནང་མ་དྷེ་ཤིའི་མི་རིགས་ཚོར་གྲོས་ཚོགས་ཀྱི་ནང་མི་འབོར་ལ་དཔག་པའི་འཐུས་མི་གདན་ཐོབ་སྤྲད་མེད་པའི་སྐྱོན་འཛུགས་བྱེད་བཞིན་ཡོད་པ་རེད།
རྒྱལ་སྤྱིའི་ཛ་དྲག་ཉེན་སེལ་གྱི་ཚོགས་པ་དེས་བཏོན་པའི་སྙན་ཐོའི་ནང་། མ་དྷེ་ཤིའི་མི་རིགས་ཀྱི་ཁོང་ཁྲོ་དང་ཁོང་ཚོའི་ཁོང་ཁྲོ་ཞི་ཐབས་ཀྱི་དོན་ཕན་སོན་པའི་ཞི་འགྲིག་ཞིག་མ་འབྱུང་ཚེ་སླར་ཡང་རྒྱལ་ཁབ་ཀྱི་ནང་ཁྲག་དྲི་དྲོ་བའི་དུས་ཟིང་ཞིག་ཡོང་རྒྱུའི་ཉེན་བརྡ་བཏང་འདུག། འོན་ཀྱང་བལ་ཡུལ་གྱི་དྲིལ་བསྒྲགས་བློན་ཆེན་Sherdhan Raiཡིས་རྒྱལ་སྤྱིའི་ཛ་དྲག་ཉེན་སེལ་ཚོགས་པས་བཏོན་པའི་སྙན་ཐོ་དང་བསམ་འཆར་ཁག་ནི་དུས་དང་མ་མཐུན་པ་ཡིན་པ་འགྲེལ་བརྗོད་གནང་ཞིང་། ཁོང་གིས་བལ་ཡུལ་གཞུང་དང་མ་དྷེ་ཤིའི་སྤྱི་ཚོགས་ཀྱི་འཐུས་མིའི་དབར་གྲོས་མོལ་འགྲོ་མུས་ཡིན་པ་གསུངས་འདུག། ལྷག་པར་དུ་ཁོང་གིས་འདི་ནི་བལ་ཡུལ་ནང་སྲིད་ཀྱི་གནད་དོན་ཞིག་ཡིན་པས་ཕྱི་ཕྱོགས་ནས་འདིའི་ཐད་ཐེ་བྱུས་དང་བསམ་འཆར་འདོན་དགོས་དོན་མེད་པ་གསུངས་འདུག།

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།