རྒྱ་ནག་ནས་ཉི་ཧོང་གི་གཞུང་གསར་པ་དང་མཉམ་ལས་བྱེད་འདོད།

རྒྱ་ནག་གཞུང་གིས་ཉི་ཧོང་གི་སྲིད་གཞུང་གསར་པ་དང་མཉམ་ལས་གནང་རྒྱུར་གྲ་སྒྲིག་ཡོད་ལུགས་བརྗོད་ཡོད་འདུག

2009-09-01
Share

༄༅༎རྒྱ་ནག་གཞུང་གིས་ཉི་ཧོང་གི་སྲིད་གཞུང་གསར་པ་དང་མཉམ་ལས་གནང་རྒྱུར་གྲ་སྒྲིག་ཡོད་ལུགས་བརྗོད་ཡོད་འདུག

གཟའ་མིག་དམར་ཉིན་རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་ཅང་དབྱུས་ནས་གསར་འགོད་ལྷན་ཚོགས་ཐོག་ང་ཚོས་ཉི་ཧོང་གི་འོས་བསྡུའི་མཇུག་འབྲས་ལ་དོ་སྣང་བྱུང་།རྒྱ་ནག་དང་ཉི་ཧོང་དབར་གལ་འགངས་ཆེ་བའི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པའི་ཁར་ཨེ་ཤེ་ཡའི་ནང་གི་གཙོ་བོའི་རྒྱལ་ཁབ་གྲས་ཡིན་ཞིང་ང་ཚོས་ཉི་ཧོང་དང་མཉམ་དུ་ཕྱོགས་གཉིས་ཀྱི་འབྲེལ་ལམ་མུ་མཐུད་འཕེལ་རྒྱས་གཏོང་རྒྱུར་ཤུགས་སྣོན་རྒྱབ་རྒྱུ་མ་ཟད་ཡུལ་གཉིས་ཀྱི་དཔོན་རིགས་དབར་ཕན་ཚུན་འབྲེལ་ལམ་མུ་མཐུད་གནང་ནས་ཡུལ་གྲུ་གཉིས་ཐུན་མོང་ཐོག་ནས་ཨེ་ཤེ་ཡའི་མངའ་ཁུལ་གྱི་ཞི་བདེ་དང་འཕེལ་རྒྱས་སོགས་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་ལན་འདེབས་བྱས་ཡོད་པ་རེད། ད་རེས་ཉི་ཧོང་གི་འོས་བསྡུའི་ནང་སྐུ་ཞབས་ཡུ་ཀི་ཡོ་ཧ་ཏོ་ཡ་མ་ཡིས་སྣེ་ཁྲིད་པའི་དམངས་གཙོ་ཚོགས་པར་རྒྱལ་ཁ་ཐོབ་ཡོད་པ་དང་སྐུ་ཞབས་ཧ་ཏོ་ཡ་མ་ནི་ཨ་རིའི་ནང་སློབ་སྦྱོང་གནང་ནས་སློབ་ཐོན་གནང་བ་ཞིག་ཡིན་ཡང་ཁོང་གིས་ཉི་ཧོང་གཞུང་གི་མ་འོངས་ཕྱི་འབྲེལ་སྲིད་བྱུས་དེ་བཞིན་ཨེ་ཤེ་ཡ་ཡུལ་གྲུ་ཁག་དང་འབྲེལ་ལམ་ཤུགས་ཆེ་རུ་གཏོང་རྒྱུའི་དགོངས་གཞི་འཛིན་གྱི་ཡོད་ཅིང་གཟའ་འཁོར་སྔོན་མ་ཨ་རིའི་ནིའུ་ཡོག་ཀྲའེམ་སེ་ཚགས་ཤོག་གིས་རྩོམ་ཡིག་སྤེལ་བའི་ནང་སྐུ་ཞབས་ཧ་ཏོ་ཡ་མ་ཡིས་དེང་སྐབས་རྒྱ་ནག་གི་དཔལ་འབྱོར་གནས་སྟངས་མྱུང་ཚད་མགྱོགས་པོའི་ཐོག་ནས་ཡར་རྒྱས་ཕྱིན་ཡོད་པ་དང་རྒྱ་ནག་དང་ཉི་ཧོང་བར་འདས་པའི་ལོ་མང་རིང་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཀྱི་གནད་དོན་གྱིས་རྐྱེན་པས་ཕྱོགས་གཉིས་ཀྱི་འབྲེལ་ལམ་སྡུག་པོ་དེ་ཡར་རྒྱས་ཡོང་རྒྱུར་འབད་བརྩོན་བྱེད་བཞིན་པར་མུ་མཐུད་ནས་ཤུགས་སྣོན་རྒྱབ་རྒྱུའི་སྐོར་གསལ་སྟོན་གནང་ཡོད་པ་རེད། ཉི་ཧོང་གི་སྲིད་བློན་ཟུར་པ་ཇུ་ནི་ཆི་རོ་ཀོ་ཨི་ཛུ་མི་ཡིས་ཕྱི་ལོ་ཉིས་སྟོང་གཅིག་ནས་ཕྱི་ལོ་ཉིས་སྟོང་དྲུག་ལོའི་བར་ཉི་ཧོང་གི་སྲིད་བློན་ཐུགས་འགན་བཞེས་པའི་རིང་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་འདས་གྲོངས་སུ་ཕྱིན་པའི་ཉི་ཧོང་གི་དམག་མིའི་དུར་སའི་ལྷ་ཁང་དུ་གུས་ཕྱག་ཕུལ་བར་ཕེབས་ཀྱི་ཡོད་པའི་གནད་དོན་གྱིས་རྐྱེན་པས་རྒྱ་ནག་དང་ཉི་ཧོང་གི་འབྲེལ་ལམ་ཇེ་སྡུག་ཏུ་གྱུར་ཡོད་ཅིང་སྐུ་ཞབས་ཧ་ཏོ་ཡ་མ་ཡིས་སྲིད་བློན་ཐུགས་འགན་བཞེས་པའི་རྗེས་གོང་ཞུས་དམག་མིའི་དུར་སའི་ལྷ་ཁང་དུ་ཕེབས་རྒྱུ་མིན་ལུགས་ཡང་གསལ་སྟོན་གནང་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།