རྒྱལ་ཁབ་གཞན་ཚོར་དོ་ཕོག་ཡོང་རྒྱུའི་བློ་འཚབ་མི་དགོས།

2016-05-25
གློག་འཕྲིན།
མཆན།
Share
པར་བཀོད།
ཨ་རིའི་སྲིད་འཛིན་Obamaམཆོག་Vietnam་གྱི་ནང་བའི་དགོན་པ་ཞིག་ལ་ཕེབས་སྐབས། ༢༠༡༦།༥།༢༤
ཨ་རིའི་སྲིད་འཛིན་Obamaམཆོག་Vietnam་གྱི་ནང་བའི་དགོན་པ་ཞིག་ལ་ཕེབས་སྐབས། ༢༠༡༦།༥།༢༤
WH

ཨ་རིའི་ནང་རྣོ་ངར་ཆེ་བའི་ཆབ་སྲིད་ཀྱི་འགྲན་རྩོད་འགྲོ་བཞིན་ཡོད་ཀྱང་དེས་རྒྱལ་ཁབ་གཞན་ཚོར་དོ་ཕོག་ཡོང་རྒྱུའི་བློ་འཚབ་མི་དགོས་གསུང་བ།
ཨ་མི་རི་ཀའི་ནང་སྲིད་འཛིན་འོས་མིའི་སྔོན་འགྲོའི་འགྲན་རྩོད་ཐོག་འོས་མི་འགའ་རེས་ཕྱི་འབྲེལ་གྱི་སྲིད་ཇུས་ནང་ཕྱིའི་མི་རིགས་ཐོག་ཁྲིམས་གཞི་དམ་དུ་གཏོང་རྒྱུ་དང་། གཞི་རྩའི་ཕྱི་འབྲེལ་གྱི་ཐད་ནས་ཕྱིའི་རྒྱལ་ཁབ་ནང་ཨ་རིའི་ཐེ་ཇུས་ཉུང་དུ་གཏོང་རྒྱུ་སོགས་ཀྱི་གཏམ་བཤད་སྣ་ཚོགས་སྤེལ་བཞིན་པ་དེས། ཨེ་ཤི་ཡའི་ཁུལ་གྱི་རྒྱལ་ཁབ་མང་པོའི་ནང་བློ་འཚབ་སྐྱེ་གཞིའི་གནད་དོན་གླེང་སློང་བྱུང་ཡོད་སྟབས་ཚེས་༢༤ཉིན་Vietnam་ནང་། ཨ་རིའི་སྲིད་འཛིན་Barrack Obama་མཆོག་ནས། ཨ་རིའི་ནང་རྣོ་ངར་ཆེ་བའི་ཆབ་སྲིད་ཀྱི་འགྲན་རྩོད་འགྲོ་བཞིན་ཡོད་ཀྱང་དེས་རྒྱལ་ཁབ་གཞན་ཚོར་དོ་ཕོག་ཡོང་རྒྱུའི་བློ་འཚབ་གང་ཡང་མེད་སྐོར་ནན་བརྗོད་གནང་འདུག
སྲིད་འཛིན་Obamaམཆོག་དེང་སྐབས་Vietnam་གྱི་རྒྱལ་ས་Ho Chi Minh་གྲོང་ཁྱེར་དུ་རྒྱལ་དོན་འཚམས་གཟིགས་སུ་ཕེབས་ཡོད་པ་རེད།
གནས་ཚུལ་ནང་གསལ་ལྟར་ན། ཨ་རིའི་ནང་དེང་སྐབས་ཆབ་སྲིད་ཚོགས་པ་གཉིས་ཀྱི་འོས་མིའི་འགྲན་རྩོད་འགྲོ་བཞིན་པའི་ཁྲོད། སྤྱི་འཐུན་ཚོགས་པའི་སྲིད་འཛིན་འོས་མི་Donald Trump་གིས། རྒྱ་ནག་དང་ཉི་ཧོང་ལ་སོགས་པའི་རྒྱལ་ཁབ་ཐོག་ཚོང་འབྲེལ་གྱི་སྲིད་ཇུས་མཁྲེགས་པོ་བཟུང་རྒྱུ་དང་། ཡང་དམག་དོན་གྱི་ཐད་ནས་རྒྱལ་ཁབ་གཞན་ནང་ཨ་རིའི་ཐེ་ཇུས་དམའ་རུ་གཏོང་རྒྱུ་ལ་སོགས་པའི་དྲག་ཤུགས་ཆེན་པོའི་གཏམ་བཤད་སྤེལ་བཞིན་ཡོད་པ་དེ་དག་གིས་ཨེ་ཤིའི་ཡུལ་ཁག་ནང་། མ་འོངས་པར་ཨ་མི་རི་ཀ་གྲོགས་མེད་ཁྱེར་རྐྱང་དུ་གནས་རྒྱུའི་སྲིད་ཇུས་བཟུང་སྲིད་པའི་བློ་དོགས་ཡོད་པ་རེད། རེས་གཟའ་ལྷག་པའི་ཉིན་སྲིད་འཛིན་Barrack Obama་མཆོག་ནས། Vietnam་གྱི་རྒྱལ་སར་གཟིགས་སྐོར་ཉིན་མཐའ་མའི་སྐབས། Vietnam་གྱི་གཞོན་སྐྱེས་ཕོ་མོ་འགོ་ཁྲིད་ཁག་གཅིག་དང་མཇལ་འཕྲད་ཀྱི་བགྲོ་གླེང་མཛད་འདུག  
བགྲོ་གླེང་དེའི་ཐོག་Vietnam་གྱི་གཞོན་སྐྱེས་ཁྲོད་ནས་སྲིད་འཛིན་མཆོག་ལ་ཨ་རིའི་སྲིད་འཛིན་འོས་མིའི་འགྲན་རྩོད་སྐོར་དང་། མ་འོངས་སྲིད་འཛིན་སུ་ཞིག་སླེབས་མིན་སོགས་ཀྱི་སྐོར་བཅར་འདྲི་ཞུས་འདུག་པར་སྲིད་འཛིན་Obama་མཆོག་གིས་ཨ་རིའི་ནང་སྲིད་འཛིན་འོས་མིའི་དབར་རྣོ་ངར་ཅན་གྱི་འགྲན་རྩོད་འགྲོ་མུས་ཀྱང་། མཐའ་དོན་མི་མང་གི་འོས་ཤོག་བརྒྱུད་ཐག་གཅོད་ཡོང་རྒྱུ་དང་། ཨ་རིའི་མང་ཚོགས་ངོས་ནས་རྒྱུན་ལྡན་འོས་འཕེན་སྐབས་ བསམ་ཞིབ་ལྡན་པའི་ཐོག་ནས་ཐག་གཅོད་བྱེད་ཀྱི་ཡོད་སྟབས་ཐེངས་འདིའི་འོས་མིའི་འགྲན་རྩོད་སྐབས་ཀྱི་གཏམ་བཤད་སོགས་ལ་མི་ལྟོས་པར་ཐག་གཅོད་བརྟན་པོ་ཞིག་ཡོང་རྒྱུའི་ཡིད་ཆེས་ཡོད་པས། ཨ་རིའི་ནང་རྣོ་ངར་ཆེ་བའི་ཆབ་སྲིད་ཀྱི་འགྲན་རྩོད་འགྲོ་བཞིན་ཡོད་ཀྱང་དེས་རྒྱལ་ཁབ་གཞན་ཚོར་དོ་ཕོག་ཡོང་རྒྱུའི་བློ་འཚབ་གང་ཡང་མེད་སྐོར་ནན་བརྗོད་གནང་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

མཆན། (0)
Share
དྲ་གནས་ཆ་ཚང༌།