མི་རབས་རྒན་པ་ཚོ་མི་རབས་གསར་བ་ཚོའི་སྣེ་ཁྲིད་གནང་མཁན་ཡིན།


2016-10-21
Share
ས་གནས་འགོ་འཛིན་གྱི་ཚོགས་ཆེན་མཇུག་སྒྲིལ་མཛད་སྒོ།་༢༠༡༦།༡༠།༢༠ ས་གནས་འགོ་འཛིན་གྱི་ཚོགས་ཆེན་མཇུག་སྒྲིལ་མཛད་སྒོ།་༢༠༡༦།༡༠།༢༠
tibet.net

བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ས་གནས་འགོ་འཛིན་རྣམ་པའི་འཛིན་སྐྱོང་ཚོགས་ཆེན་ཐེངས་བཅུ་གཅིག་པ་མཇུག་སྒྲིལ་བའི་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་མི་རབས་རྒན་པ་ཚོའི་རླབས་ཆེན་གྱི་མཛད་རྗེས་ལ་ཆེས་བསྟོད་གནང་དགོས་པའི་སྐོར་གསུངས་འདུག
དེ་ཡང་འདི་ཟླའི་ཚེས་༡༧་ནས་ཚེས་༢༠་བར་གྱི་ཉིན་གྲངས་བཞིའི་རིང་རྡ་ས་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་གོ་སྒྲིག་འོག་རྒྱ་བལ་འབྲུག་གསུམ་གྱི་བཙན་བྱོལ་བོད་མིའི་ས་གནས་འགོ་འཛིན་རྣམ་པའི་འཛིན་སྐྱོང་ཚོགས་ཆེན་ཐེངས་བཅུ་གཅིག་པ་དེ་སྐོང་ཚོགས་གནང་ཡོད་པ་དང་། ཕྱི་ཚེས་༢༠་ཉིན་ཚོགས་འདུ་མཇུག་སྡོམ་གྱི་མཛད་སྒོའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་མི་རབས་རྒན་པ་ཚོའི་མཛད་རྗེས་ལ་བསྔགས་བརྗོད་གནང་བ་དང་སྦྲགས་ཁོང་རྣམ་པའི་མཛད་རྗེས་ལ་ཆེས་བསྟོད་གནང་དགོས་ཀྱི་རེད་ཅེས་འབོད་སྐུལ་གནང་ཡོད་པ་རེད།
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། ང་ཚོའི་མི་རབས་རྒན་པ་ཚོས་ང་ཚོ་བོད་མིའི་སྤྱི་ཚོགས་ནང་ཧ་ཅང་གི་མཛད་རྗེས་ཆེན་པོ་བཞག་གནང་ཡོད་པ་རེད་ཅེས་དང་། ཁོང་རྣམ་པས་ང་ཚོའི་སྤྱི་ཚོགས་ནང་བཞག་གནང་བའི་མཛད་རྗེས་ཁག་ལ་ང་ཚོས་དུས་དང་རྣམ་པ་ཀུན་དུ་གུས་བཀུར་ཞུས་གནང་དགོས་ཀྱི་རེད། ཁོང་རྣམ་པ་ནི་ང་ཚོ་མི་རབས་གསར་པ་ཚོའི་སྣེ་ཁྲིད་གནང་མཁན་ཞིག་ཡིན་པ་རེད། མི་རབས་གསར་པ་ཚོས་བོད་མི་རྒན་གྲས་ཚོར་གུས་བཀུར་དང་། དམིགས་དཔེ་བླངས་གནང་སྟེ་བོད་མིའི་སྤྱི་ཚོགས་ནང་ཁོང་རྣམ་པ་དང་འདྲ་བའི་ལྷག་བསམ་རྣམ་དག་གིས་ཞབས་ཞུའི་ལས་དོན་ཚར་ཚུགས་སྤེལ་གནང་དགོས་ཀྱི་རེད་ཅེས་སོགས་གཏམ་བཤད་ནན་པོ་གནང་ཡོད་པ་རེད།
བོད་མིའི་གཞིས་ཆགས་ཁག་གི་ས་གནས་འགོ་འཛིན་གྱི་ཚོགས་འདུ་ཐེངས་༡༡་པ་དེའི་ཐོག་རྒྱ་བལ་འབྲུག་གསུམ་གྱི་ས་གནས་ཁག་༤༣་ནས་གཞིས་འགོ་དང་སྐུ་ཚབ་བཅར་ཡོད་པ་རེད།

གསར་འགོད་པ་དབྱངས་སྒྲོན།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།