མ་འོངས་ཨོ་ལིམ་པིག་རྩེད་འགྲན་དཔལ་འབར་རྒྱུགས་སྤྲོད་བྱེད་མིན་སྐོར།

མ་འོངས་རྩེད་འགྲན་གྱི་དཔལ་འབར་སྐོར་བསྐྱོད་བྱ་རྒྱུའི་བྱེད་སྒོ་མུ་མཐུད་རྒྱུན་འཁྱོངས་གནང་མིན་ཐད་བཀའ་བསྡུར་གནང་རྒྱུ་ཡིན་པ་རེད།

2008-06-06
Share

༄༅༎བར་ལམ་རྒྱ་ནག་གི་ཨོ་ལིམ་པིག་རྩེད་འགྲན་གྱི་དཔལ་འབར་རྒྱལ་སྤྱིའི་ནང་སྐོར་བསྐྱོད་བྱེད་པའི་སྐབས་ངོ་རྒོལ་ལས་འགུལ་སྤེལ་བའི་གནད་དོན་གྱི་ཐོག་ནས་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་གིས་མ་འོངས་རྩེད་འགྲན་གྱི་དཔལ་འབར་སྐོར་བསྐྱོད་བྱ་རྒྱུའི་བྱེད་སྒོ་མུ་མཐུད་རྒྱུན་འཁྱོངས་གནང་མིན་ཐད་བཀའ་བསྡུར་གནང་རྒྱུ་ཡིན་པ་རེད།

རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་གིས་རེས་གཟའ་ལྷག་པ་ནས་པ་སངས་བར་ཉིན་གསུམ་རིང་གིརི་སཱིའི་རྒྱལ་ས་ཨེ་ཐེན་སི་ནང་ཕྱི་ལོ་༢༠༡༢ ལོའི་ཨོ་ལིམ་པིག་རྩེད་འགྲན་དེ་བཞིན་དབྱིན་ཡུལ་དུ་ཚུགས་པའི་རྗེས་ཨོ་ལིམ་པིག་རྩེད་འགྲན་གྱི་མགྲོན་བདག་ཡུལ་གྲུ་སུ་ལ་འོས་འདེམས་བྱེད་མིན་ཐད་ལྷན་ཚོགས་དེ་རིང་མཇུག་བསྒྲིལ་བའི་སྐབས་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་གི་ཚོགས་གཙོ་ཇའག་རོག་ཡིས་གསར་འགོད་པར་པེ་ཅིང་རྩེད་འགྲན་གྱི་དཔལ་འབར་དེ་ངོ་རྒོལ་བྱེད་མཁན་གྱི་ལག་ཆ་ལྟ་བུར་བེད་སྤྱོད་བྱས་པ་མ་ཟད། སྟབས་མི་ལེགས་པར་ངོ་རྒོལ་ལས་འགུལ་དེ་ཡང་དྲག་ཟིང་ཏུ་གྱུར་བར་བརྟེན་ ང་ཚོས་མ་འོངས་དཔལ་འབར་སྐོར་བསྐྱོད་བྱ་མིན་ཐད་བཀའ་བསྡུར་བྱ་རྒྱུ་ཡིན་པ་གསུང་ཡོད་པ་རེད། དེ་བཞིན་རེས་གཟའ་ཕུར་བུ་དང་པ་སངས་ཉིན་གཉིས་རིང་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་གི་ལྷན་ཚོགས་ཚོགས་ཡུལ་གྱི་མགྲོན་ཁང་གི་ཕྱི་ཕྱོགས་སུ་བོད་མི་ཚོས་ངོ་རྒོལ་སྐད་འབོད་བྱས་པར་བརྟེན་ཡོ་རོབ་བོད་ཀྱི་གཞོན་ནུ་ཚོགས་པའི་ཚོགས་མི་བོད་མི་ལྔ་དང་ཨ་མི་རི་ཀ་བ་གཉིས། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བཀྲས་མཐོང་ལྷ་སྒྲོན་ལགས་བཅས་ཁྱོན་ངོ་རྒོལ་བྱེད་མཁན་མི་བརྒྱད་གིརི་སཱི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་རེད། རྒྱ་ནག་གི་ཨོ་ལིམ་པིག་རྩེད་འགྲན་གྱི་དཔལ་འབར་ཕྱི་ཟླ་བཞི་པ་ནས་རྒྱལ་སྤྱིའི་ནང་སྐོར་བསྐྱོད་བྱེད་ཡུལ་དུ་བོད་ནང་རྒྱ་ནག་གཞུང་གིས་དྲག་གནོན་བྱས་པའི་གནས་སྟངས་དང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སོགས་ཀྱི་ཐོག་ནས་ངོ་རྒོལ་ཤུགས་ཆེ་བྱས་པ་མ་ཟད། རྒྱ་ནག་ནང་སྐོར་བསྐྱོད་བྱེད་པའི་སྐབས་ལའང་ཉེ་ཆར་རྒྱ་ནག་དང་བོད་ཀྱི་ས་མཚམས་ཁུལ་དུ་ས་ཡོམ་གྱི་རང་འབྱུང་གནོད་འཚེ་བྱུང་སྟེ་མི་རྒྱུ་གཉིས་ལ་གནོད་སྐྱོན་ཚབས་ཆེ་བྱུང་བ་དེར་སེམས་ཚོར་དྲག་པོ་ཡོད་པའི་རྒྱ་མི་རིགས་ཀྱིས་དཀའ་ངལ་བཟོས་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།