ཀུན་གཟིགས་པཎ་ཆེན་བཅུ་པ་མཆོག་གི་སྙིང་སྟོབས་དང་ལ་རྒྱར་བོད་ཕྱི་ནང་གཉིས་ནས་རྗེས་དྲན་ཞུ་བཞིན་འདུག

2022-01-24
Share
ཀུན་གཟིགས་པཎ་ཆེན་བཅུ་པ་མཆོག་གི་སྙིང་སྟོབས་དང་ལ་རྒྱར་བོད་ཕྱི་ནང་གཉིས་ནས་རྗེས་དྲན་ཞུ་བཞིན་འདུག ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་༧རྗེ་བཙུན་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་མཆོག
སྒྲིག་བཟོ།/RFA

ཕྱི་ལོ་༡༩༨༩་ལོའི་ཕྱི་ཟླ་༡་པའི་ཚེས་༢༨་ཉིན་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་སྟེ་ད་ཆ་བགྲང་བྱ་སུམ་ཅུ་སོ་གསུམ་འཁོར་བའི་གདུང་མཆོད་ཆེད། ཉེ་བའི་ཉིན་ཤས་ནང་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་མང་པོས་རྣམ་པ་འདྲ་མིན་ཐོག་པཎ་ཆེན་སྐུ་གོང་མ་མཆོག་གི་སྙིང་སྟོབས་དང་མི་རིགས་ཀྱི་ལ་རྒྱར་རྗེས་དྲན་ཞུས་ཡོད་པ་དང་། དམིགས་བསལ་དྲ་རྒྱའི་བརྒྱུད་ལམ་ནས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་གོང་མའི་མཛད་རྗེས་ལ་ཆེ་བསྟོད་བྱས་ནས། ཐུགས་ཀྱི་སྙིང་སྟོབས་དང་། མི་རིགས་ཀྱི་ལ་རྒྱ། ལྷག་པར་དུ་དགོངས་ཕོད་པ་དང་། གསུང་ཕོད་པའི་སྙིང་སྟོབས་བཅས་ལ་བསྔགས་བརྗོད་འདྲ་མིན་གནང་བ་དང་། དེ་འབྲེལ་གྱི་སྐུ་གོང་མའི་བཀའ་སློབ་ལེགས་བཤད་མང་པོ་འདྲེན་བཀོད་སོགས་བྱས་ནས་ཁོང་ལ་རྗེས་དྲན་བྱས་ཡོད་པ་རེད།
དེ་བཞིན་རྒྱ་གར་ལྷོ་ཕྱོགས་སུ་ཆགས་པའི་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོ་དགོན་པ་ནས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་གོང་མའི་གདུང་མཆོད་སྲུང་བརྩི་བྱས་ཡོད་པ་དགོན་པའི་ཕྱག་མཛོད་ཁྲི་པ་བསྟན་འཛིན་ཀུན་དགའ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་གི་ཐོག་མའི་མཚན་ལ་མགོན་པོ་ཚེ་བརྟན་ཞུ་ཞིང་། རབ་བྱུང་བཅུ་དྲུག་པའི་ས་སྟག་ལོ་སྤྱི་ལོ་༡༩༣༨་ལོའི་ཟླ་བ་དང་པོའི་ཚེས་གསུམ་ཉིན་མདོ་སྨད་བིས་མདོ་རུ་སྐུ་འཁྲུངས། སྤྱི་ལོ་༡༩༤༡་ལོར་པཎ་ཆེན་བཞུགས་སྒར་ནང་སྒང་ནས་པཎ་ཆེན་སྐུ་ཕྲེང་དགུ་པའི་ཡང་སྲིད་དུ་ངོས་འཛིན་ཞུས། བླ་ཁོ་འཇིགས་མེད་འཕྲིན་ལས་རྒྱ་མཚོའི་རིན་པོ་ཆེ་མཆོག་ནས་རྗེ་བཙུན་བློ་བཟང་འཕྲིན་ལས་ལྷུན་འགྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་ཞེས་པའི་མཚན་གསོལ། སྤྱི་ལོ་༡༩༤༩་ལོའི་ཟླ་བ་བརྒྱད་པའི་ཚེས་བཅུ་ཉིན་སྐུ་འབུམ་བྱམས་པ་གླིང་དུ་ཁྲི་གསོལ་གཟབ་རྒྱས་ཞུས། སྐུ་ན་ཕྲ་བའི་སྐབས་ནས་དངུལ་ཆུ་རིན་པོ་ཆེ་དང་བཀའ་ཆེན་ཨང་ཉི་མ་སོགས་ཡོངས་འཛིན་དུ་བསྟེན་ནས། གཞུང་ཆེན་བཀའ་པོད་ལྔས་མཚོན་དམ་པའི་ཆོས་ཀྱི་གཞུང་ལུགས་ཁག་ལ་གསན་སྦྱངས་ཉམས་བཞེས་མཛད། དགོན་སྡེ་ཁག་ལ་བཤད་གྲྭ་འཛུགས་རྒྱུ་སོགས་ལ་ཐུགས་འཁུར་རྒྱུན་མར་མཛད། སངས་རྒྱས་ཀྱི་བསྟན་པ་མི་ཉམས་གོང་འཕེལ་མཛད་པ་དང་། སྤྱི་ལོ་༡༩༥༤་ལོའི་ཟླ་བ་དགུ་པར་སྐབས་དང་པོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་བདམས་ཐོན་བྱུང་། སྤྱི་ལོ་༡༩༥༦་ལོའི་ཟླ་བ་བཞི་པར་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་བཙུགས་སྐབས་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་དང་པོ་གནང་། ལོ་དེའི་ཟླ་བ་བཅུ་གཅིག་པར། གདན་ཞུས་ལྟར་རྒྱ་གར་དུ་ཕེབས་ནས་སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་འཁོར་བའི་དྲན་གསོའི་མཛད་ཆེན་ནང་ཞུགས། རྗེས་སུ་རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ་རྒྱ་ནག་གཞུང་གིས་འཛིན་བཟུང་གིས་ལོ་ངོ་དགུའི་རིང་ལ་བཙོན་དུ་བཞུགས་དགོས་བྱུང་སྐབས་བོད་དོན་ཆེད་ཡིག་འབྲུ་ཁྲི་བདུན་བརྩམས་གནང་མཛད། བཙོན་གྲོལ་བྱུང་རྗེས་ཏེང་ཞའོ་ཕིང་གི་སྐབས་སྤྱི་ལོ་༡༩༧༨་ལོར་པཎ་ཆེན་རིན་པོ་ཆེའི་རྒྱལ་ཁབ་དབུ་ཁྲིད་ཀྱི་གོ་གནས་སླར་གསོ་བྱུང་བ་དང་མཉམ། ཁོང་ཉིད་བོད་ཀྱི་ས་ཁུལ་གང་སར་ལས་དོན་གཟིགས་ཞིབ་གནང་བར་ཕེབས་ཏེ། མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་ལག་བསྟར་བྱེད་རྒྱུར་ཐུགས་ཁུར་ཆེ་བཞེས་གནང་ནས། བོད་ཁུལ་གྱི་འཛུགས་སྐྲུན་བྱ་གཞག་ཁག་དང་མི་དམངས་ཀྱི་ཐོན་སྐྱེད་འཚོ་བར་ཐུགས་ཁུར་གནང་ཞིང་། ལྷ་ལྡན་སྨོན་ལམ་སླར་གསོ་གནང་བ་དང་། བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གསར་འཛུགས། བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཁང་སོགས་བོད་ཀྱི་ཆོས་སྲིད་རིག་གནས་དང་བཅས་པར་ཕན་པའི་ཕྱག་ལས་རླབས་ཆེན་གནང་།
སྤྱི་ལོ་༡༩༨༩་ལོའི་སྤྱི་ཟླ་༡་པོའི་ཚེས་༩་ཉིན་གདན་ས་བཀྲ་ཤིས་ལྷུན་པོར་པཎ་ཆེན་སྐུ་ཕྲེང་ལྔ་པ་ནས་དགུ་པའི་བར་གྱི་མཉམ་བཞུགས་སྐུ་གདུང་མཆོད་ཁང་ཤར་བཀྲ་ཤིས་རྣམ་རྒྱལ་བསྐྱར་བཞེངས་གཙོ་སྐྱོང་གནང་བར་ཕེབས་སྐབས་ཏེ་ལོ་དེའི་སྤྱི་ཟླ་༡་པོའི་ཚེས་༢༨་ཉིན་གློ་བུར་དུ་གཞིས་རྩེ་གྲོང་ཁྱེར་གྱི་བདེ་ཆེན་སྐལ་བཟང་ཕོ་བྲང་གི་གཟིམ་ཆུང་བཤད་སྒྲུབ་འཕེལ་རྒྱས་གླིང་དུ་དགོངས་པ་ཆོས་དབྱིངས་སུ་འཐིམས།

གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།