པཎ་ཆེན་རིན་པོ་ཆེའི་ཡང་སྲིད་གློད་གྲོལ་ཡོང་ཆེད་ཁེ་ཎ་ཌའི་ནང་བོད་མི་ཚོས་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་འདུག

2022.05.16
Share on WhatsApp
Share on WhatsApp
པཎ་ཆེན་རིན་པོ་ཆེའི་ཡང་སྲིད་གློད་གྲོལ་ཡོང་ཆེད་ཁེ་ཎ་ཌའི་ནང་བོད་མི་ཚོས་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་འདུག པཎ་ཆེན་རིན་པོ་ཆེའི་ཡང་སྲིད་གློད་གྲོལ་ཡོང་ཆེད་ཁེ་ཎ་ཌའི་ནང་བོད་མི་ཚོས་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་སྐབས། ༠༥།༡༥།༢༠༢༢
ཨྱོན། /RFA

ཕྱི་ཟླ་༥ཚེས་༡༥ཉིན་ཁེ་ཎ་ཌའི་ཊོ་རོན་ཊོ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་གནང་པ་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་མགྱོགས་མྱུང་གློད་གྲོལ་དགོས་པའི་དགོས་འདུན་བཏོན་ཆེད། ཊོ་རོན་ཊོའི་ཁུལ་བོད་མི་མང་ཤོས་གནད་སྡོད་བྱེད་ས་(Parkdale)་ས་གནས་ཀྱི་སློབ་གྲྭའི་མདུན་ཐང་ནས་(CN tower)་དང་། དེ་ནས་(St. George)་ས་གནས་སུ་ཡོད་པའི་རྒྱ་ནག་གཞུང་གི་ཚོང་འབྲེལ་དོན་གཅོད་ལས་ཁུངས་བར་རྔམ་སྟོན་སྐད་འབོད་དང་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་སྤེལ་ཡོད་པ་ས་གནས་གཞོན་ནུའི་ཚོགས་མི་པདྨ་ཀུན་དགའ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་མཆོག་གིས་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་གནང་བའི་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་། སྐུ་འཁོར་ནང་མི་སྐུ་འཁོར་དང་བཅས་པ་ཕྱི་ལོ་༡༩༩༥ལོའི་ཟླ་བ་༥པའི་ཚེས་༡༧ཉིན་བཙན་ཁྲིད་རྗེས་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་ཧྲིལ་པོ་ཉི་ཤུ་རྩ་བདུན་ཕྱིན་པ་དང་སྐབས་དེར་ཆུང་སྲིད་མཆོག་དགུང་ལོ་དྲུག་ཡིན་པ་རེད། ཨ་མི་རི་ཀ་དང་ཁེ་ཎ་ཌ་སོགས་སྲིད་གཞུང་ཁག་ཅིག་དང་། དེ་བཞིན་རྒྱལ་ཁབ་མང་པོའི་གྲོས་ཚོགས། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་གྱི་ཚོགས་པ་མང་པོས་རྒྱ་ནག་གཞུང་ལ་པཎ་ཆེན་རིན་པོ་ཆེ་གལ་ཏེ་སྐུ་འཚོ་བཞུགས་ཡོད་ཚེ་འཛམ་གླིང་མི་དམངས་ཀྱི་མདུན་སྟོན་དགོས་པ་ནན་ཏན་གྱི་སྐུལ་མ་བྱེད་བཞིན་ཡོད་ལ། མ་ཟད་ཆོས་ཁས་མ་ལེན་མཁན་རྒྱ་ནག་དམར་ཤོག་གཞུང་ལ་བོད་ཀྱི་ཆོས་ཕྱོགས་ཀྱི་བླ་སྤྲུལ་རྣམ་པའི་ཡང་སྲིད་བསྐོ་གཞག་བྱེད་པའི་ཐོབ་ཐང་གང་ཡང་མེད་པ་ནན་བརྗོད་བྱེད་བཞིན་ཡོད་པ་རེད།
བོད་མི་ཚོའི་ངོས་ནས་འདས་པའི་ལོ་ལྟར་ཕྱི་ཟླ་༤ཚེས་༢༥སྟེ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་སྐུའི་འཁྲུངས་སྐར་དང་། ཕྱི་ཟླ་༥ཚེས་༡༧སྟེ་རྒྱ་ནག་གཞུང་གིས་ཕྱི་ལོ་༡༩༩༥ལོར་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་ཡབ་ཡུམ་སྐུ་འཁོར་དང་བཅས་པ་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་པའི་དུས་ཚིགས་སྐབས་འཛམ་གླིང་མི་དམངས་ལ་པཎ་ཆེན་རིན་པོ་ཆེའི་སྐོར་གྱི་དངོས་ཡོད་གནས་ཚུལ་གོ་རྟོགས་སྤེལ་རྒྱུ་དང་། རང་དབང་ཅན་གྱི་ཡུལ་གྲུ་ཚོར་ཞུ་སྐུལ། རྒྱ་ནག་གཞུང་ལ་པཎ་ཆེན་རིན་པོ་ཆེ་དང་བཀྲིས་ལྷུན་པོའི་བྱ་བྲལ་རིན་པོ་ཆེ་སོགས་འཕྲལ་དུ་གློད་གྲོལ་དགོས་པའི་དགོས་འདུན་བཏོན་ཆེད་ལས་འགུལ་སྣ་མང་སྤེལ་བཞིན་ཡོད་ལ། ཕྱི་ཚེས་༡༥ ཉིན་ཁེ་ཎ་ཌའི་གྲོང་ཁྱེར་ཊོ་རོན་ཊོའི་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ལས་འགུལ་སྤེལ་སྐབས། པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་སྐུ་འཁོར་ནང་མི་རྣམས་བཙན་ཁྲིད་བྱས་པའི་གཏམ་བརྗོད་ཞིག་གཟིགས་འབུལ་གནང་སྐབས་ས་གནས་བོད་མི་མི་ཉུང་བ་སྐྱོ་ནས་མིག་ཆུ་ཡོང་བཞིན་པ་མཐོང་རྒྱུ་འདུག
རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་ནང་མཉམ་ཞུགས་གནང་མཁན་བོད་མི་གཉིས་ཀྱིས་པཎ་ཆེན་རིན་པོ་ཆེ་ནི་བོད་ཀྱི་བསྟན་པ་ཆབ་སྲིད་ལ་གལ་གནད་ཆེན་པོ་ཡིན་པ་དང་། མི་ལོ་༢༧རིང་གར་སོང་ཆ་མེད་དུ་གྱུར་པའི་རིན་པོ་ཆེ་ཡབ་ཡུམ་སྐུ་འཁོར་རྣམས་གློད་གྲོལ་གཏོང་རྒྱུར་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་རྒྱུ་དང་ཕྱོགས་མཚུངས་ས་གནས་བོད་མི་ཚོ་གང་ཐུབ་ལས་འགུལ་ནང་མཉམ་ཞུགས་དགོས་པ་སོགས་ཀྱི་འབོད་སྐུལ་གནང་སོང་།
གཞན་ཡང་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་ནས་ཀྱང་གཏམ་བཤད་དང་རྒྱ་ནག་གཞུང་གི་དོན་གཅོད་ལས་ཁུངས་མདུན་པཎ་ཆེན་རིན་པོ་ཆེ་གློད་གྲོལ་གཏོང་དགོས་པའི་སྐད་འབོད་གནང་ཡོད་པ་རེད།

གསར་འགོད་པ། ཨྱོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།