པདྨ་ཚེ་དབང་ལགས་རྒྱ་མིས་བཙན་ཁྲིད།
2012.12.25
༄༅། །དེ་ཡང་ང་ཚོའི་རླུང་འཕྲིན་ཁང་ལ་བོད་ནས་མིང་འདོན་གནང་འདོད་མེད་པའི་མི་སྣ་ཅིག་གིས་གནས་ཚུལ་ངོ་སྤྲོད་གནང་དོན་ལ། ཉེ་སྔོན་ཕྱི་ཟླ་༡༠ཚེས་༢༠ཉིན་མདོ་སྨད་འབོ་ར་ཁུལ་དུ་ལྷ་མོ་སྐྱབས་ལགས་ཀྱིས་སྐུ་ལུས་མེར་བསྲེགས་བཏང་གནང་བའི་ཕྱི་དྲོ་ཁོང་གི་གྲོགས་པོ་པདྨ་ཚེ་དབང་ལགས་སུ་རྒྱ་ནག་ཉེན་རྟོག་པས་ཁ་པར་ཐོག་ནས་མགོ་བསྐོར་བསླུ་ཐབས་བྱས་ཏེ། ཨ་མཆོག་ས་གནས་སུ་ཁོང་གློ་བུར་འཛིན་བཟུང་བཙན་ཁྲིད་ཀྱིས། ད་ལྟ་ས་གནས་གང་དུ་བཙོན་འཇུག་བྱས་མིན་དང་གནས་སྟངས་ཇི་འདྲ་ཡོད་མེད་སོགས་གནས་ཚུལ་གསལ་པོ་ཤེས་རྟོགས་མེད་པ་རེད།
གཞན་ཡང༌། ཉེ་ལམ་ཟླ་བ་འདིའི་ཚེས་༢ཉིན་མདོ་སྨད་འབོ་ར་ས་གནས་སུ་སྐུ་ལུས་མེར་བསྲེགས་བཏང་གནང་མཁན་གཟུངས་འདུས་སྐྱབས་ལགས་ཀན་ལྷོ་གཙོས་གྲོང་ཁྱེར་གྱི་སྨན་ཁང་གིས་འགན་ལེན་བྱེད་མ་ཐུབ་པར། རྒྱ་མིའི་ཉེན་རྟོག་པས་ལན་ཀྲོའུ་སྨན་ཁང་ཆེན་པོ་ཅིག་ནང་བཙན་ཁྲིད་བྱས་ཏེ། ཉེ་ཆར་ཁོང་གི་ཕ་མ་གཉིས་ལ་སྨན་པ་དང༌། ཉེན་རྟོགས་པས་འབོད་ནས། གལ་ཏེ་གཟུངས་འདུས་སྐྱབས་ལགས་གསོན་པོར་འཚོ་ཐུབ་དགོས་ཚེ། ཁོང་གི་རྐང་པ་གཉིས་ཀ་གཅོད་དགོས་ཀྱི་ཡོད་པས་དེར་ཕ་མ་གཉིས་ནས་མོས་མཐུན་མིང་རྟགས་བཀོད་དགོས་སྐོར་བཤད་ཡོད་ཅིང༌། སྐབས་དེར་ཕ་མ་གཉིས་ལ་བུ་དངོས་སུ་ངོ་ཐུག་བྱེད་དུ་མ་བཅུགས་བར། སྨན་ཁང་གི་ཤེལ་སྒོའི་ནང་ནས་བལྟ་རུ་བཅུགས་འདུག
བོད་ནས་གནས་ཚུལ་ངོ་སྤྲོད་གནང་མཁན་གྱིས་གསུང་ན། འབོ་ར་ས་གནས་སུ་ སྲིད་གཞུང་གི་ལས་བྱེད་པ་ཚོ་ཆ་བགོས་ཀྱིས་དགོན་པའི་དགེ་འདུན་པ་རྣམས་ལ་རྟོག་ཞིབ་དང༌། ཁུལ་དེའི་ནང་མང་ཚོགས་ཀྱི་ཡར་ལངས་དོན་རྐྱེན་མི་ཡོང་བའི་འགན་འཁུར་ལེན་དུ་བཅུགས་ནས་བོད་མིའི་ཐོག་དམ་བསྒྲགས་ཚད་མེད་བྱེད་བཞིན་ཡོད་པའི་གནས་ཚུལ་འདུག།