རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཞུགས་པ་ཚོས་ད་ལྟའི་བོད་ནང་གི་གནས་སྟངས་ཐད་བློ་ཚབས་ཡོད་པའི་བསྒྲགས་གཏམ་སྤེལ་འདུག

2024.02.26
རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཞུགས་པ་ཚོས་ད་ལྟའི་བོད་ནང་གི་གནས་སྟངས་ཐད་བློ་ཚབས་ཡོད་པའི་བསྒྲགས་གཏམ་སྤེལ་འདུག རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དགུ་པའི་སྐབས། ༠༢།༢༣།༢༠༢༤
CTA

དེ་ཡང་འདི་ཚེས་༢༥ཉིན་ཡོ་རོབ་མཐུན་ཚོགས་ཀྱི་བསྟི་གནས་བྷེལ་ཇིཡམ་གྱི་རྒྱལ་ས་(Brussels)་ནང་ཚོགས་པའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དགུ་པ་མཇུག་སྒྲིལ་ཡོད་པ་དང་། ཚོགས་ཆེན་མཇུག་སྒྲིལ་སྐབས་ད་ཐེངས་རྒྱ་ནག་གཞུང་སྡེ་དགེ་རྫོང་ཁོངས་འབྲི་ཆུའི་རྒྱུད་ཀྱི་བོད་མི་ཆིག་སྟོང་ལྷག་འཛིན་བཟུང་དང་ཆུ་མཛོད་གློག་འདོན་ས་ཚིགས་གསར་རྒྱག་ཆེད་གནས་སྤོར་དགོས་བའི་བཙན་བཀའ་གཏོང་བཞིན་པའི་གནས་ཚུལ་ཐོན་པ་དེ་ཡིས་བོད་ནང་གི་ད་ལྟའི་གནས་སྟངས་ཛ་དྲག་ཐད་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་དང་བོད་དོན་རྒྱབ་སྐྱོར་བ་ཚོར་བློ་ཚབས་ཆེ་རུ་བཏང་ཡོད་པའི་བསྒྲགས་གཏམ་ཞིག་སྤེལ་འདུག
གོང་ཞུས་ཚོགས་ཆེན་ཐོག་ཕེབས་ཡོད་པའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལུངས་འདྲེན་དང་མཉམ། བོད་ཀྱི་སྡེ་དགེ་ཁུལ་དུ་འཚེ་མེད་ཞི་བའི་ཐོག་ནས་ཞུ་འབོད་བྱེད་མཁན་བོད་མི་ཚོའི་ཐོབ་ཐང་ལ་རྒྱ་ནག་གཞུང་གིས་བརྩི་འཇོག་མི་བྱེད་པར་ཚད་ལས་འདས་པའི་དྲག་གནོན་གྱི་བྱ་སྤྱོད་ལག་བསྟར་བྱེད་པ་ནི་བཟོད་ཐབས་མེད་པ་ཞིག་ཡིན་ཞིང་། ང་ཚོས་རྒྱ་ནག་གཞུང་ལ་འཛིན་བཟུང་བྱས་པའི་བོད་མི་རྣམས་གློད་བགྲོལ་གཏོང་དགོས་པ་དང་། བོད་མི་ཚོའི་ཐོབ་ཐང་དང་རེ་འདོད་རྣམས་ལ་བརྩི་འཇོག་བྱ་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད། འཛམ་གླིང་སྤྱི་ཚོགས་ཀྱིས། བོད་ནང་གི་བོད་མི་ཚོའི་འབོད་སྒྲ་དང་རྒྱ་ནག་གཞུང་གིས་བོད་ནང་དུ་ནོར་འཁྲུལ་གྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་པའི་བྱ་སྤྱོད་ལ་བོད་མི་ཚོས་ཁ་གཏད་གདོང་ལེན་བྱེད་པའི་དངོས་བདེན་གྱི་གནས་སྟངས་རྣམས་ངེས་པར་དུ་ཤེས་རྟོགས་ཐུབ་པ་བྱ་དགོས་པའི་སྐོར་ནན་བརྗོད་གནང་འདུག
རྒྱ་ནག་གཞུང་གིས་སྡེ་དགེ་ཕྱོགས་ཀྱི་འབྲི་ཆུའི་རྒྱུད་དུ་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་བྱེད་རྒྱུའི་ལས་གཞི་དེའི་ཐོག་ནས་ས་གནས་བོད་མི་ཧ་ལམ་ཉིས་སྟོང་ལྷག་ས་གནས་གཞན་ལ་གནས་སྤོར་བྱེད་དགོས་པའི་བཙན་བཀའ་གཏོང་བཞིན་པ་དང་། ས་གནས་དེར་ཆགས་པ་དུས་རབས་༡༣སྐབས་བཞེངས་པའི་ལོ་རྒྱུས་ལྡན་པའི་དགོན་པ་ཁག་ཅིག་གཏོར་བཤིག་གཏོང་དགོས་ཐུག་གི་ཡོད་པར་བརྟེན་ནས། བོད་མི་ཚོས་ས་གནས་རྒྱ་ནག་གཞུང་གི་ལས་ཁུངས་མདུན་དུ་པུས་མོ་ས་ལ་བཙུགས་ནས་ཞི་བའི་ཐོག་ནས་ངོ་རྒོལ་བྱས་བ་དང་། རྗེས་སུ་རྒྱ་ནག་གི་ཉེན་རྟོག་པས་བོད་མི་ཆིག་སྟོང་ལྷག་འཛིན་བཟུང་བྱས་བའི་གནས་ཚུལ་ཨེ་ཤེ་ཡ་རང་དབང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་ཡོད།
ཕྱི་ཟླ་གཉིས་པའི་ཚེས་༢༣ནས་༢༥བར་ཉིན་གསུམ་རིང་(Brussels)་དུ་ཚོགས་པའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དགུ་པའི་ཐོག་ལ་འཛམ་གླིང་གི་རྒྱལ་ཁབ་ཁག་༤༢ནས་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་དང་། བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་བཅས་ཁྱོན་མི་གྲངས་༡༧༠ལྷག་མཉམ་ཞུགས་གནང་སྟེ། བོད་མིའི་རང་དབང་འཐབ་རྩོད་མདུན་བསྐྱོད་བྱ་ཕྱོགས་ཀྱི་ཐོག་ལ་གོ་བསྡུར་གནང་ཡོད་པ་རེད་འདུག

zeya.jpg
སྡེ་དགེ་ཕྱོགས་ཀྱི་ད་ལྟའི་གནས་སྟངས་དང་འབྲེལ་ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གི་སྤྱི་དམངས་བདེ་འཇགས་དང་དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་གི་དྲུང་གཞོན་དང་ཨ་མི་རི་ཀའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་(Uzra Zeya)་ལགས་ཀྱིས་སྤྱི་ཚོགས་དྲྭ་ལམ་(X)་ཐོག རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཆུ་མཛོད་གློག་ཁང་གསར་རྒྱག་གི་ལས་གཞིའི་འོག་གྲོང་སྡེ་གནས་སྤོས་དང་དགོན་པ་རྩ་མེད་བཟོ་གཞིའི་ཉེན་ཚབས་ལ་བོད་མི་རྣམས་ཀྱིས་ངོ་རྒོལ་བྱས་རྐྱེན་འཛིན་བཟུང་བྱས་པའི་གནད་དོན་ཐད་ཐུགས་ཚབས་ཆེན་པོ་བྱུང་། རྒྱ་ནག་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་ལ་ངེས་པར་དུ་བརྩི་བཀུར་བྱེད་དགོས་རྒྱུ་དང་གཙང་པོ་དང་ས་ཞིང་བདག་གཉེར་སྲིད་བྱུས་འཆར་འགོད་ལག་བསྟར་ནང་ས་གནས་བོད་མིར་ངེས་བར་དུ་ཆ་ཤས་ལེན་འཇུག་དགོས་ཀྱི་རེད་ཅེས་གསུངས་འདུག

GHRsSXqX0AAB6nP.jpg
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས་(X)་སྤྱི་ཚོགས་དྲ་བར། ད་ཐེངས་རྒྱ་ནག་གིས་སྡེ་དགེ་ནས་བོད་མི་མང་པོ་འཛིན་བཟུང་བྱས་བའི་གནས་ཚུལ་འདིས་འཛམ་གླིང་རྒྱལ་སྤྱིའི་སྤྱི་ཚོགས་ལ་རྒྱ་ནག་གི་དབང་བསྒྱུར་འོག་གི་བོད་མི་ཚོས་དཀའ་སྡུག་མྱོང་བཞིན་པའི་གནས་སྟངས་དྲན་གསོ་ཞིག་ཡིན་འོས། སྡེ་དགེ་མི་མང་གིས་ཞི་བའི་ལས་འགུལ་སྤེལ་བ་ཡིན་པས། ཁོང་ཚོར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རོགས་རམ་རྒྱབ་སྐྱོར་བྱེད་དགོས་ལ། ང་ཚོས་འཛིན་བཟུང་བྱས་བའི་བོད་མི་ཚོ་གློད་གྲོལ་གཏོང་དགོས་བའི་འབོད་སྐུལ་ཞུ་བཞིན་ཡོད། དེར་ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་བའི་འབོད་སྐུལ་གནང་འདུག

William Nee.jpg
ཨ་རིའི་ནང་གི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་(CHRD)་ཞེས་པའི་ཉམས་ཞིབ་པ་དང་ཞུ་གཏུག་འབྲེལ་མཐུད་པ་(William Nee)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ང་ཚོའི་ཚོགས་པའི་ངོས་ནས་ད་ཐེངས་རྒྱ་ནག་གཞུང་གིས་སྡེ་དགེ་ནས་འཛིན་བཟུང་བྱས་བའི་ས་གནས་བོད་མི་རྣམས་ཀྱི་གནས་སྟངས་ཐད་བློ་ཚབས་ཡོད། ལྷག་པར་དུ་འཛིན་བཟུང་བྱས་བའི་བོད་མི་རྣམས་ལ་གཅར་རྡུང་དང་། ཟ་མ་ཡག་པོ་མ་སྤྲད་པ་སོགས་ཀྱི་གནས་ཚུལ་ཐོན་བཞིན་པས་ན་དེའི་ཐད་བློ་ཚབས་ཡོད། རྒྱ་ནག་གཞུང་གིས་ཆུ་མཛོད་གློག་ཁང་གསར་རྒྱག་གི་ལས་གཞིའི་འོག་བོད་མིའི་སྡོད་ཁང་དང་དགོན་སྡེ་གཏོར་བཤིག། མི་མང་གནས་སྤོར་དགོས་པའི་བཙན་བཀའ་གཏོང་བཞིན་པའི་གནས་སྟངས་དེས་ས་གནས་བོད་མིའི་འཚོ་གནས་དང་རིག་གཞུང་ལ་དོ་ཐོག་ཐེབས་ངེས་བ་མ་ཟད། དུས་རབས་གསུམ་པ་ནས་བཞེངས་བའི་དགོན་སྡེ་ལྡེབས་རིས་མང་པོ་རྩ་མེད་འགྲོ་ངེས་བས། ང་ཚོས་རྒྱ་ནག་གཞུང་ལ་འབྲི་ཆུའི་རྒྱུད་དུ་ཆུ་མཛོད་གློག་ཁང་གསར་རྒྱག་གི་ལས་གཞིའི་འཆར་གཞི་དང་། འཛིན་བཟུང་བྱས་བོད་མི་རྣམས་ཀྱི་གནས་སྟངས་ཕྱི་གསལ་ནང་གསལ་བཟོ་དགོས་བའི་འབོད་སྐུལ་བྱེད་ཀྱི་ཡོད། མ་ཟད་འཛམ་གླིང་གི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་རྒྱ་ནག་གི་འཛུགས་བསྐྲུན་ལས་གཞིའི་འོག་ས་གནས་ཀྱི་མི་སེར་ལ་གནོད་པའི་ཉེས་སྐྱོན་བཟོ་བཞིན་པ་དོ་སྣང་ཡོང་བའི་རེ་བ་བྱེད་བཞིན་ཡོད་པ་གསུངས་བྱུང་།
དེ་བཞིན་ཁེ་ན་ཌའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་(Geneviève Tremblay)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲི་བར་ཡིག་ཐོག་ལན་འདེབས་གནང་པའི་ནང་། རྒྱ་ནག་གཞུང་གིས་སྡེ་དགེ་ནས་བོད་མི་འཛིན་བཟུང་བཀག་ཉར་བྱས་པའི་གནས་ཚུལ་ཐད་ཐུགས་ཚབས་ཧ་ཅང་ཆེན་པོ་ཡོད་ལ་དེའི་ཐད་ཁེ་ན་ཌ་གཞུང་གིས་ཞིབ་ལྟ་ནན་པོ་བྱེད་བཞིན་ཡོད། ཁེ་ན་ཌའི་གཞུང་གིས་རྒྱ་ནག་དཔོན་རིགས་ཚོར་སྨྲ་བརྗོད་རང་དབང་དང་འདུ་འཛོམས་རང་དབང་བེད་སྤྱོད་བྱེད་མཁན་འཛིན་བཟུང་བྱས་བའི་བོད་མི་རྣམས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད། བོད་མིའི་ཆོས་དད་རང་དབང་དང་། སྨྲ་བརྗོད་རང་དབང་། སྐད་ཡིག་སྲུང་སྐྱོབས་དང་རིག་གཞུང་གི་རང་དབང་བཅས་ཀྱི་གནས་སྟངས་ཐད་ཐུགས་ཚབས་ཡོད་ཅེས་བཀོད་འདུག
ཡང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོང་ཐང་ལྷན་ཁང་(UN Human Rights Council)་གི་མགྲིན་ཚབ་པས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡིག་ཐོག་ལན་འདེབས་གནང་བའི་ནང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐེངས་༥༥་བ་འདི་ཚེས་༢༦ཉིན་ནས་སྤྱི་ཟླ་བཞི་བའི་ཚེས་༥་བར་འཚོགས་བཞིན་ཡོད་པས། ཚོགས་མི་༤༧ཡོད་པ་གང་རུང་གིས་བགྲོ་གླེང་གནང་དགོས་བའི་གནད་དོན་གང་ཞིག་ཚོགས་འདུའི་སྐབས་གླེང་སློང་གནང་ཚེ་དེ་བགྲོ་གླེང་གི་ལས་རིམ་སྐབས་བགྲོ་གླེང་གནང་གི་ཡོད་པ་བཀོད་འདུག
ཨ་རིའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་ལས་ཚབ་མ་ཡ་ཝང་(Maya Wang)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ང་ཚོས་སྡེ་དགེ་ཕྱོགས་གཙོས་བོད་ནང་གི་གནས་སྟངས་ལ་དོ་སྣང་གིས་ལྟ་ཞིབ་བྱེད་བཞིན་ཡོད། ཡིན་ན་ཡང་དམ་དྲག་གི་དབང་གིས་བོད་ནང་གི་གནས་ཚུལ་ནི་ཧ་ཅང་དཀོན་པོ་འདུག ང་ཚོས་ས་གནས་སུ་འབྲེལ་བ་བྱས་ནས་གནས་ཚུལ་རྩད་གཅོད་བྱེད་ཐུབ་ཀྱི་མི་འདུག སྐབས་འདིར་ང་ཚོས་ས་གནས་སུ་འབྲེལ་བ་བྱས་ནས་གནས་ཚུལ་རྩད་གཅོད་བྱས་ཀྱང་ས་གནས་ཀྱི་མི་མང་ལ་ཉེན་ཁ་འདུག དེ་བས་ང་ཚོས་གནད་དོན་འདི་བོད་མི་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག ཞུ་གཏུག་པ་བཅས་དང་མཉམ་ལས་བྱས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་ཡོངས་ཐབས་བྱེད་རྒྱུ་དང་། མུ་མཐུད་དུ་བོད་ནང་གི་དཀའ་སྡུག་གནས་སྟངས་དང་རྒྱ་ནག་གི་དྲག་གནོན་གྱི་གནས་སྟངས་གླེང་རྒྱུ་ཡིན་པ་གསུངས་བྱུང་།
གོང་བརྗོད་སྡེ་དགེ་ཕྱོགས་ཀྱི་གནས་ཚུལ་ཐད་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་གནང་འདུག་ལ། དེ་བཞིན་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དང་། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གིས་རྒྱ་ནག་གི་བྱ་སྤྱོད་ལ་སྐྱོན་བརྗོད་དང་འབྲེལ། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཨ་རི་དང་ཡོ་རོབ་སོགས་ནུབ་ཕྱོགས་ཡུལ་གྲུ་ཁག་ནང་གི་རྒྱ་ནག་གཞུང་ཚབ་མདུན་གཙོས་ས་གནས་གང་སར་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་དང་སྤེལ་མུས་རེད་འདུག

* སྡེ་དགེ་དང་འབྲེལ་བའི་དེའི་སྔོན་གྱི་གནས་ཚུལ་ཁག ཟླ་གཉིས་བའི་ཚེས་༡༤ ཚེས་༢༠ ཚེས་༢༢ ཚེས་༢༤ ཚེས་༢༥


གསར་འགོད་པ། གཡུ་སྒྲོན། བསྟན་འཛིན་པདྨ། ཀླུ་འབུམ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་ཆར་རླུང་དྲག་པོ་བརྒྱབ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་གིས་ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་གཞུང་འབྲེལ་མཛད་འཆར་ཁག་དབུ་འཛུགས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎