གནས་སྤོ་སྲིད་ཇུས་ནི་བོད་ཀྱི་ཞིང་འབྲོག་མི་དམངས་ཀྱི་ས་ཆ་བཙན་འཕྲོག་གི་གཡོ་བྱུས་ཤིག་རེད་ཟེར།

2020-07-16
གློག་འཕྲིན།
མཆན།
Share
པར་བཀོད།
ལྷ་སའི་བར་སྐོར་གླིང་དུ་ཉེན་རྟོག་པ་དང་ངལ་རྩོལ་བ་ཞིག ༢༠༠༩
ལྷ་སའི་བར་སྐོར་གླིང་དུ་ཉེན་རྟོག་པ་དང་ངལ་རྩོལ་བ་ཞིག ༢༠༠༩
AP

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ཞིང་འབྲོག་མི་དམངས་འབུམ་བཞི་དང་ཁྲི་དྲུག་སྤོ་བསྒྱུར་ལས་ཞུགས་བྱས་ལུགས་བསྒྲགས་པ་ནི་ཞིང་འབྲོག་མི་དམངས་ཀྱི་ས་ཆ་བཙན་འཕྲོག་གི་གཡོ་བྱུས་ཤིག་ཏུ་བོད་མི་ཁག་གཅིག་གིས་ངོས་འཛིན་གནང་གི་འདུག
རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་གིས་གནས་ཚུལ་སྤེལ་ནས། བོད་རང་སྐྱོང་ལྗོངས་ཟེར་བའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་ཁུངས་ཀྱིས། མིག་སྔའི་བར་བོད་ལྗོངས་ཀྱི་ཞིང་འབྲོག་པ་སྤོ་བསྒྱུར་ལས་ཞུགས་བྱས་པ་མི་གྲངས་བཞི་འབུམ་དྲུག་ཁྲི་ཆིག་སྟོང་ཟིན་ནས། ལོ་འཁོར་མོའི་དམིགས་འབེན་གྱི་བརྒྱ་ཆ་༧༦་༨་ལེགས་གྲུབ་བྱུང་ཡོད་པ་དང་། ངལ་རྩོལ་ནུས་པའི་ཡོང་འབབ་སྒོར་དུང་ཕྱུར་༣༧་དང་བྱེ་བ་ལྔ་ཟིན་པས། ལོ་འཁོར་མོའི་དམིགས་འབེན་གྱི་བརྒྱ་ཆ་༨༥་ལེགས་གྲུབ་བྱུང་ཡོད་ལུགས་སོགས་བཀོད་ཡོད་ཀྱང་། དེའི་ཐད་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱིས། སྔོན་ཆད་བོད་ཁུལ་དུ་རང་གི་ས་ཆ་དང་ཕྱུགས་ཟོག་གི་བདག་དབང་རང་ཉིད་ལ་ཡོད་ནའང་། དེང་སང་དེ་ལས་ལྡོག་སྟེ་ཚང་མ་རྒྱལ་ཁབ་ཀྱི་འཛུགས་བསྐྲུན་རྣམ་གྲངས་ཀྱི་འོག་བཅུག་ཡོད་པས། མི་མང་གི་བདེ་འཇགས་དང་འཚོ་བ་ལ་བསམ་བློ་གཏོང་གི་མི་འདུག་ཅེས་འབྲེལ་བརྗོད་གནང་སོང་།
དེ་བཞིན་ཆབ་སྲིད་བཙོན་ཟུར་ངག་དབང་འོད་འབར་ལགས་ཀྱིས། དེ་ནི་བོད་མི་ཚོའི་བདེ་སྡུག་ལ་ལྟ་སྐྱོང་བྱས་པ་ཞིག་མིན་པར། བོད་ཀྱི་ས་ཆ་རྒྱ་ཆེན་པོ་ཞིག་ཡོད་པ་དེ་ཞིང་འབྲོག་མང་ཚོགས་ཀྱི་ལག་ནས་ཚུར་འཕྲོག་ཐབས་ཀྱི་གཡོ་བྱུས་ཤིག་རེད་ཅེས་དང་། ད་དུང་ཁོང་གིས་རྒྱ་ནག་གཞུང་གིས་སྟོད་མངའ་རིས་དང་། ལྷོ་ཁ། ཆབ་མདོ་དང་ཆུ་ཤུར་སོགས་ས་གནས་མང་པོ་ནས་བོད་མི་ཞིང་འབྲོག་མི་མང་ཚོ་ཚུར་གྲོང་ཁྱེར་དུ་གནས་སྤོར་བཅུག་སྟེ། གྲོང་ཁྱེར་དུ་ཁང་པ་རེ་སྤྲད་ནས་དེའི་ནང་ཆ་རྐྱེན་ཆ་ཚང་ཡོད་པ་དང་། གླ་ཆ་དང་འབྲུ་རིགས་ཅུང་ཟད་རེ་ལོ་ཁ་ཤས་རིང་སྤྲོད་ཀྱི་ཡོད་ཐོག སྐབས་འཕྲལ་གྱི་ལས་ཀ་ཆུང་ཙག་གད་ཕྱིས་དང་རྒྱ་སྒོ་སྲུང་རྒྱུ། ཞོར་ལས་ཆུང་རིགས་དང་སློབ་གྲྭ་བཅས་བརྒྱབས་ཏེ་གནས་སྐབས་ཀྱི་འཚོ་རྟེན་ཙམ་རེ་ཡོད་ནའང་། ལོ་ཤས་རྗེས་ནས་འཚོ་བ་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་པ་འགྲེལ་བརྗོད་གནང་གི་འདུག
ཡིན་ན་ཡང་རྒྱ་ནག་གཞུང་འབྲེལ་གསར་ལམ་ནང་། བོད་རང་སྐྱོང་ལྗོངས་ཟེར་བའི་ངལ་རྩོལ་ནུས་པའི་ཁྲོམ་རའི་བྱེད་པོ་སུམ་སྟོང་སུམ་བརྒྱ་ནས་དྲུག་སྟོང་བདུན་བརྒྱ་བར་འཕར་སྣོན་བྱུང་ཡོད་ལུགས་དང་། དེ་ཚོ་བོད་ལྗོངས་ཀྱི་གྲོང་ཁྱེར་དང་རྫོང་། ཤང་དང་གྲོང་ཚོ་བཅས་སུ་ཁེབས་ཡོད་པ་མ་ཟད། ཁྱད་ལྡན་ཐོན་ལས་དང་རྣམ་གྲངས་འཛུགས་བསྐྲུན། མཉམ་ལས་སྒྲིག་འཛུགས་སོགས་ཀྱི་ཁྱབ་ཁོངས་ཁེབས་ཡོད་ཅིང་། ཞིང་འབྲོག་མང་ཚོགས་སྤོ་སྒྱུར་ལས་ཞུགས་ཀྱི་རྟེན་གཞི་དྲུག་བརྒྱ་འཛུགས་བསྐྲུན་ཇེ་མགྱོགས་སུ་སྐུལ་འདེད་གཏོང་བ་དང་། ལས་ཀ་སྟབས་བདེ་ཡོང་བར་འགན་ལེན་བརྟན་པོ་བྱེད་རྒྱུ་སོགས་བཀོད་འདུག
དབྱིན་ཡུལ་དུ་ཡོད་པའི་བོད་དོན་ལྟ་ཞིབ་ཚོགས་པས་གནས་ཚུལ་སྤེལ་བའི་ནང་། སྤྱི་ལོ་༢༠༡༨་ལོར་རྒྱ་ནག་གཞུང་གིས་དབུལ་ཕོངས་ཀྱི་དཀའ་ངལ་སེལ་རྒྱུ་ཟེར་བའི་རྒྱ་ནག་གི་ལས་འཆར་འོག་བོད་ཤར་ཕྱོགས་དཔལ་ཡུལ་རྫོང་ནང་གསར་རྒྱག་བྱས་པའི་ཁང་པ་གསར་པའི་ནང་ཉེ་འཁོར་ཀྱི་གྲོང་གསེབ་ས་ཁུལ་གྱི་ཁྱིམ་ཚང་བཅུ་གསུམ་གྱི་བོད་མི་༦༠་ཙམ་ཞིག་ཉེ་ཆར་ཕྱི་ཟླ་དྲུག་པའི་ཚེས་༢༤་ཉིན་བཙན་ཤེད་ཀྱིས་གནས་སྤོ་བྱེད་དུ་བཅུག་ཡོད་པ་དང་། ལྷག་པར་དུ་གསར་རྒྱག་བྱས་པའི་ཁང་པ་གསར་པའི་སྟེང་དུ། རྒྱ་ནག་གི་སྐར་ལྔའི་དར་དམར་བཙུགས་ཡོད་པ་དང་། ཁང་པའི་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་པིང་གི་གཙོས་པའི་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཚོའི་འདྲ་པར་བཀེལ་ཡོད་པ་གསལ་སྟོན་གནང་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།