སྐུ་འབུམ་དགོན་པའི་མེ་ཏོག་མཆོད་པར་དམག་མི་མང་པོ་བཀྲམ་འདུག


2017-02-13
Share
སྐུ་འབུམ་དགོན་པའི་མེ་ཏོག་མཆོད་པར་རྒྱ་ནག་གཞུང་གི་དམག་མི་མང་པོ་བཀྲམ་ཡོད་པ། ༢༠༡༧།༢།༡༡ སྐུ་འབུམ་དགོན་པའི་མེ་ཏོག་མཆོད་པར་རྒྱ་ནག་གཞུང་གི་དམག་མི་མང་པོ་བཀྲམ་ཡོད་པ། ༢༠༡༧།༢།༡༡
བོད་འབྱོར།

རྗེ་སྐུ་འབུམ་དགོན་པའི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས་རྒྱ་ནག་གི་དམག་མི་མང་པོ་ཡོང་ནས་དྲག་ཤུགས་ངོམ་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་འབྱོར་བ་ལྟར་ན། སྐུ་འབུམ་དགོན་པའི་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དང་། ལྷག་དོན་འདི་ཚེས་༡༡་བཅོ་ལྔ་མེ་ཏོག་མཆོད་པའི་ཉིན་མདོ་སྨད་རྗེ་སྐུ་འབུམ་ཕྱོགས་སུ། རྒྱ་ནག་གཞུང་གིས་དྲག་ཆས་དཔུང་དམག་བརྒྱ་ཕྲག་མང་པོ་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་སར་འཛོམས་བྱས་ནས། དགོན་པའི་མདུན་རུ་སྒྲིག་བྱས་བ་དང་། དྲག་ཤུགས་ངོམ་པ་སོགས་བྱས་བར་བཅོ་ལྔ་མཆོད་པ་ཉིན་དད་ལྡན་བོད་རིགས་ཚོའི་ཉིན་རེའི་འཚོ་བའི་ནང་ཞེད་སྣང་དངངས་སྐྲག་གི་གནས་སྟངས་ཞིག་བསྐྲུན་ཡོད་འདུག
འདི་གར་འདྲ་པར་འབྱོར་བའི་ནང་། རྗེ་སྐུ་འབུམ་དགོན་པའི་ཕྱི་ནང་གང་སར་རྒྱ་གཞུང་གི་ཉེན་རྟོག་པ་དང་། དམག་མིས་དྲག་ཆས་གོ་མཚོན་ཐོགས་ཏེ་བོད་རིགས་མི་མང་གི་དཀྱིལ་དུ་འཇིགས་རྔམ་སྟོན་བཞིན་ཡོད་པ་མཐོང་རྒྱུ་ཡོད་པ་རེད།
ས་གནས་བོད་མི་ཞིག་གིས། བོད་བརྒྱུད་ནང་བའི་ཆོས་ཕྱོགས་ཀྱི་བྱེད་སྒོ་གལ་ཆེ་སྨོན་ལམ་ཆེན་མོའི་སྐབས། རྒྱ་ནག་གཞུང་གིས་འདི་ལྟར་དམག་མི་བཀྲམ་པ་ནི་འོས་འཚམས་མིན་པ་དང་། དད་ལྡན་མི་དམངས་ཀྱི་སེམས་ལ་ཞེད་སྣང་དངངས་སྐྲག་གི་གནས་སྟངས་བསྐྲུན་བཞིན་པ་ཡོད་པ་ངོ་སྤྲོད་གནང་བྱུང་།
སྐུ་འབུམ་དགོན་པའི་མེ་ཏོག་མཆོད་པའི་སྐོར་གྱི་གནས་ཚུལ་རྒྱ་ནག་གཞུང་གི་གསར་ལམ་ཁག་ཏུ་སྤེལ་ཡོད་ཀྱང་ཉེན་རྟོག་པ་དང་། དམག་མི་འབོར་ཆེན་ཡོད་པའི་གནས་ཚུལ་གང་ཡང་འཁོད་མེད་པ་རེད།
སྐུ་འབུམ་དགོན་གྱི་སྨོན་ལམ་མེ་ཏོག་མཆོད་རྒྱན་ནི། ལོ་རེའི་སྨོན་ལམ་ཆེན་མོར་མཆོད་འཇལ་བྱེད་པའི་སྐུ་འབུམ་བྱམས་པ་གླིང་གི་ཆོས་ཀྱི་ཆོ་ག་གཙོ་བོ་ཞིག་ཡིན། འདི་ནི་སྐུ་འབུམ་དགོན་གྱི་གྲྭ་ཚང་གོང་འོག་གིས་མར་ལ་བརྟེན་ནས་སྐྱེས་རབས་དང་རྣམ་ཐར། རྟོགས་བརྗོད་སོགས་བཞེངས་པ་དགོན་པ་གཞན་པའི་མཆོད་པ་དང་མི་འདྲ་བར་ཐུན་མོང་མ་ཡིན་པའི་ལག་ཤེས་སྒྱུ་རྩལ་ཞིག་ཡིན་པ་མ་ཟད། ཆོས་ཀྱི་མཆོད་པ་ཆེན་པོ་ཞིག་ཀྱང་ཡིན་པས་བོད་ཁམས་སྤྱི་དང་ཕྱི་ནང་གང་སར་སྙན་པའི་གྲགས་པ་ཁྱབ་ཡོད།
བཤད་སྲོལ་ལ་དེར་ཐིག་རྩ་རིག་པ་དང་ཚོན་མདོག་རིག་པ། རྒྱན་སྤྲོས་རིག་པ། བརྐོས་བཀྲོལ་རིག་པ་སོགས་ཕྱོགས་མང་པོའི་ཆུ་ཚད་མཐོན་པོ་ཡིན་པ་མ་ཟད། དེ་ལ་མི་རིགས་རིག་པ་དང་། ཆོས་ལུགས་རིག་པ། དམངས་སྲོལ་རིག་པ། ལོ་རྒྱུས་རིག་པ་སོགས་ཀྱི་རིན་ཐང་ཧ་ཅང་ཆེན་པོ་ལྡན་པ་ཞིག་ཡིན་པས་རྒྱ་ནག་སོགས་ས་ཁུལ་འདྲ་མིན་ནས་ཆེད་དུ་མཇལ་བར་ཕེབས་མཁན་སྟོང་ཚོ་མང་པོ་ཡོད།  

གསར་འགོད་པ་ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།