བཟོད་སྒོམ་ཆེན་པོས་རང་ཤི་རྒྱག་པ་སོཊ་མ་གནང་རོཊ་གསུངས་འདུག


2017.03.23
རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་ཆོས་སྒར་གཏོར་བཤིག་གཏོང་བཞིན་པ། ༢༠༡༧།༢ རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་ཆོས་སྒར་གཏོར་བཤིག་གཏོང་བཞིན་པ། ༢༠༡༧།༢
བོད་འབྱོར།

འདི་ཟླའི་ཚེས་༢༤་ཉིན་ནས་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་གྱི་ཁང་པ་མུ་མཐུད་ནས་གཏོར་འགོ་འཛུགས་རྒྱུ་ཡིན་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། རྒྱ་ནག་གི་ལས་དོན་རུ་ཁག་གི་མི་སྣ་དང་། ལས་བཟོ་བ། ཉེན་རྟོག་པ་སོགས་རུ་ཁག་ཚན་པ་འདྲ་མིན་དྲུག་ཙམ་ཉིན་ཤས་གོང་ནས་གསེར་རྟ་བླ་རུང་ཆོས་སྒར་ལ་འབྱོར་ནས་ཁང་པ་གཏོར་རྒྱུའི་གྲ་སྒྲིག་བྱས་ཡོད་པ་དང་། སྤྱི་ཟླ་༣་པའི་ཚེས་༢༤་ཉིན་ནས་བླ་རུང་སྒར་གྱི་གཙུག་ལག་ཁང་ཀུན་དགའ་ར་བའི་རྒྱབ་ཀྱི་དགེ་འདུན་པའི་གྲྭ་ཤག་ནས་མུ་མཐུད་དུ་དངོས་སུ་གཏོར་རྒྱུ་ཡིན་པ་རེད། དེ་ནི་སྤྱི་ཟླ་ ༣ ཚེས་ ༡༣ ཉིན་རྒྱ་ནག་གཞུང་གིས་གསེར་རྟ་སྒར་གྱི་ཁང་པ་༣༢༢༥ ངེས་པར་དུ་སྤྱི་ཟླ་བཞི་བའི་ཟླ་མཇུག་བར་གཏོར་བཤིག་གཏོང་རྒྱུའི་ཐག་གཅོད་ཀྱི་བཀའ་རྒྱ་བཏང་བ་དངོས་སུ་ལག་བསྟར་བྱེད་རྒྱུ་ཡིན་པ་རེད།
ས་གནས་བོད་མི་ཞིག་གིས་བརྗོད་དོན། རྒྱ་ནག་གིས་མུ་མཐུད་ནས་མི་འདོད་བཙན་གྱིས་བླ་རུང་སྒར་གྱི་ཁང་པ་མང་པོ་གཏོར་རྒྱུ་ཡིན་པར་བརྟེན་འདས་བའི་ཉིན་ཤས་ནང་གྲྭ་བཙུན་ཚོས་ཕན་ཚུན་རོགས་རམ་བྱེད་ཞོར་སྡོད་ཤག་མང་པོ་རང་འགུལ་གྱིས་བཤིག་ཡོད་པ་དང་། དེ་ནི་རྒྱ་ནག་གིས་གཏོར་བཤིག་བྱས་སྐབས་ཁང་པའི་ནང་གི་ཅ་དངོས་དང་། ཁང་པའི་ཤིང་ཆ་སོགས་ལེན་དབང་ཙམ་ཡང་མེད་པར་བརྟེན་གྲྭ་བཙུན་ཚོས་སྔ་ས་ནས་རྟགས་རྒྱབ་ཡོད་པའི་ཁང་པ་ཚོ་བཤིག་ནས་ཅ་དངོས་དང་ཤིང་ཆ་ལ་བདག་པོ་རྒྱག་བཞིན་པ་བརྗོད་བྱུང་།
གནས་ཚུལ་རྩད་གཅོད་བྱུང་བ་ལྟར་ན། རྒྱ་ནག་གཞུང་གིས་འདས་བའི་ལོ་ཤས་ནང་གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་དང་ཁང་པ་སྟོང་ཕྲག་ཁ་ཤས་གཏོར་ཡོད་པ་དང་། སྔ་ཕྱིར་བསྡོམས་པས་ཁང་པ་༤༧༢༥་གཏོར་འཆར་ཡོད་པ་རེད། དེ་བཞིན་ད་བར་གྲྭ་བཙུན་མི་གྲངས་༤༨༢༨་ཕྱིར་ཕུད་བྱས་ཡོད་པ་དང་། ད་དུང་མུ་མཐུད་ནས་མཚོ་སྔོན་ཕྱོགས་ཀྱི་གྲྭ་བཙུན་མི་གྲངས་༢༥༠་ལྷག་ཕྱིར་ཕུད་གཏོང་རྒྱུའི་ཁོངས་སུ་ཡོད་པ་རེད་འདུག
འདིི་ཚེས་༢༣་ཉིན་གསེར་རྟ་སྒར་གྱི་མཁན་པོ་གཙོ་གྲས་ཚུལ་ཁྲིམས་བློ་གྲོས་མཆོག་གིས་གྲྭ་བཙུན་སྤྱི་ཡོངས་ལ། ད་བར་གསེར་རྟ་སྒར་གྱི་ཁང་པ་གཏོར་བཤིག་དང་གྲྭ་བཙུན་མང་པོ་ཕྱིར་ཕུད་བྱས་དང་བྱེད་བཞིན་པ་ནི་གནས་ལུགས་རྒྱུ་མཚན་བཤད་ས་མེད་པའི་ཁར་ཚང་མ་ལ་འདོད་པ་མེད་བཞིན་དུ་བྱུང་བའི་གོང་རིམ་རྒྱ་ནག་གཞུང་གི་སྲིད་ཇུས་སྤེལ་བ་ལས་བྱུང་ཐོག་བཟོད་དཀའ་བའི་དཀའ་ངལ་ཡོད་ཀྱང་། མུ་མཐུད་དུ་གྲྭ་བཙུན་ཚོས་བླ་མ་དམ་པའི་བཀའ་གསུངས་ལྟར་བཟོད་སྒོམ་ཆེན་པོ་བྱེད་དགོས་བ་དང་། དེ་བཞིན་ངོ་རྒོལ་གྱི་རྣམ་འགྱུར་སྟོན་པ། རང་ཤི་རྒྱག་པ་སོགས་མི་བྱེད་རྒྱུའི་སྐུལ་མ་གནང་འདུག
དེ་བཞིན་རྒྱ་ནག་གཞུང་གིས་རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་གྱི་བཀའ་རྒྱ་དང་། སྐྲངས་བཞུ་ཚོད་འཛིན། དག་སྒྲིག་གཅེས་སྐྱོང་ཞེས་བའི་མིང་ཐོག་ནས་གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་ཤག་གཏོར་བཤིག་དང་། གྲྭ་བཙུན་ཕྱིར་ཕུད་ཀྱི་ལས་དོན་༢༠༡༤་ནས་རྒྱ་ཆེར་སྤེལ་ཡོད་པ་དང་། དེར་དབུས་བོད་མིའི་སྒྲིག་འཛུགས་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་། དེ་བཞིན་ཨ་རི་སོགས་ཡུལ་གྲུ་འདྲ་མིན་གྱི་གཞུང་གིས་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཏོར་བཤིག་བཏང་པ་དང་གྲྭ་བཙུན་ཕྱིར་འབུད་བྱེད་བཞིན་པར་སྐྱོན་བརྗོད་ཆེན་པོ་བྱས་ཡོད་པ་རེད།

གསར་འགོད་པ་ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷོསི་ཊོན་གཟའ་མཇུག་བོད་ཡིག་སློབ་གྲྭ
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གིས་བལ་ཡུལ་ལ་ཨ་སྒོར་ས་ཡ་ ༢༠ རོགས་སྐྱོར་བྱ་རྒྱུ་སོགས་དོན་ཚན་དགུ་ཅན་གྱི་གྲོས་མཐུན་ལ་མཚན་རྟགས་བསྐྱོན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎