གསེར་རྟ་བླ་རུང་ཆོས་སྒར་ལ་གྲྭ་བཙུན་གསར་འཇུག་མི་ཆོག་པའི་བཙན་བཀའ་དང་ཉེན་བརྡ།

2019-04-18
གློག་འཕྲིན།
མཆན།
Share
པར་བཀོད།
གསེར་རྟ་བླ་རུང་ཆོས་སྒར། ༢༠༡༩
གསེར་རྟ་བླ་རུང་ཆོས་སྒར། ༢༠༡༩
བོད་འབྱོར།

གསེར་རྟ་བླ་རུང་ཆོས་སྒར་དུ་ཕྱི་ནས་གྲྭ་བཙུན་གསར་འཇུག་དང་ཁ་སྣོན་བྱེད་མི་ཆོག་པའི་བཙན་བཀའ་བཏང་ནས་དམ་དྲག་བྱེད་བཞིན་ཡོད་འདུག
དེ་ཡང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཉེ་བའི་ཆར་རྒྱ་ནག་གི་འབྲེལ་ཡོད་ཚན་པ་དང་རྒྱ་ནག་གིས་ཆེད་འཛུགས་བྱས་བའི་དགོན་པའི་དོ་དམ་མི་སྣས་གསེར་རྟ་བླ་རུང་ཆོས་སྒར་གྱི་མཁན་པོ་དང་གནད་ཡོད་མི་སྣ་ཚོར། གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་བཙུན་གྱི་ཁ་གྲངས་གཞུང་གི་གཏན་འབེབས་ལྟར་གནས་དགོས་བ་དང་། ཕྱི་ནས་གྲྭ་བཙུན་གཅིག་ཀྱང་གསར་འཇུག་དང་ཁ་སྣོན་བྱེད་མི་ཆོག་པའི་བཙན་བཀའ་བཏང་བ་མ་ཟད། གལ་སྲིད་གྲྭ་བཙུན་གསར་ཞུགས་ཀྱི་གནས་ཚུལ་སོགས་ཤེས་རྟོགས་བྱུང་ཚེ་གང་མགྱོགས་བླ་རུང་ཆོས་སྒར་ནས་ཕྱིར་ལོག་བྱེད་དུ་འཇུག་དགོས། དེ་མ་གཏོགས་ཡང་བསྐྱར་བླ་རུང་སྒར་ལ་གྲྭ་བཙུན་ཚོད་འཛིན་གྱི་དམ་དྲག་སྲིད་ཇུས་ཡོང་སྲིད་པའི་ཉེན་བརྡ་བཏང་ཡོད་འདུག
རྒྱ་ནག་གཞུང་གིས་འདས་བའི་སྤྱི་ལོ་༢༠༡༧་དང་༢༠༡༨་ལོ་བར་གསེར་རྟ་བླ་རུང་སྒར་ནས་ཉུང་མཐར་ཁྱོན་སྡོམ་གྲྭ་བཙུན་མི་གྲངས་ ༤༨༢༨ ཕྱིར་ཕུད་བཏང་ཟིན་པ་དང་། ༢༠༠༡་ལོ་ནས་ད་བར་སྔ་ཕྱིར་བསྡོམས་པས་གྲྭ་ཤག་དང་ཁང་པ་བདུན་སྟོང་ལྷག་གཏོར་བཤིག་བཏང་པའི་རྗེས་རྒྱ་ནག་གིས་དགོན་པའི་མཐའ་ཡོངས་སུ་ལྕགས་རིས་བསྐོར་ནས་ཕྱི་ནས་གང་བྱུང་དགོན་པར་འཛུལ་མི་ཐུབ་པ་བཟོས་ཡོད་པ་དང་། ས་གནས་བོད་མི་ཞིག་གིས་བརྗོད་ན། ད་སྐབས་བླ་རུང་ཆོས་སྒར་གྱི་ཕྱོགས་མཐའ་ཁག་གསུམ་ལ་འགག་སྒོ་བཙུགས་ནས་གྲྭ་བཙུན་གཙོས་གསེར་རྟ་ཆོས་སྒར་དུ་འགྲོ་འོང་བྱེད་མཁན་ཚོར་ཉིན་མཚན་གཉིས་ཀར་ཞིབ་བཤེར་ལྟ་རྟོག་བྱེད་བཞིན་པ་རེད་ཟེར།
དེ་དང་འབྲེལ་འདི་ཚེས་༡༦་ཉིན་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་ཆོས་སྒར་དུ་གྲྭ་བཙུན་ཚོར་ཆོས་ཁྲིད་སྐབས། འདི་ལོ་སྤྱི་ལོ་༢༠༡༩་ལོ་འདི་ནི་ལོ་དམིགས་བསལ་བ་ཞིག་དང་། གཟབ་ནན་བྱེད་དགོས་བའི་ལོ་དཀའ་མོ་ཞིག་ཡིན་པས། གཟབ་ནན་མ་བྱས་ན་དཀའ་ངལ་ག་རེ་ཡིན་ཡང་འཕྲད་སྲིད་པས་གྲྭ་བཙུན་ཚང་མས་དགོན་པའི་ཆག་འཇིག་ལ་བསམ་བློ་བཏང་ནས་འགྲོ་འདུག་སྤྱོད་ཚུལ་མཐུན་བྱེད་དགོས་པའི་ནན་སྐུལ་བྱས་འདུག
གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་རྒྱ་ནག་གཞུང་གིས་གཏོར་བཤིག་དང་། གྲྭ་བཙུན་ཚོད་འཛིན་གནས་ཚུལ་ཐད་དབུས་བོད་མིའི་སྒྲིག་འཛུགས་དང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་། དེ་བཞིན་ཨ་རི་སོགས་ཡུལ་གྲུ་འདྲ་མིན་གྱི་གཞུང་དང་ཚོགས་སྡེ་ཁག་གིས་སྐྱོན་བརྗོད་ཆེན་པོ་བྱ་དང་བྱེད་བཞིན་པ་རེད། གནས་ཚུལ་ཞིབ་ཕྲ་འདི་ག་རླུང་འཕྲིན་ཁང་གིས་མུ་མཐུད་དུ་རྩད་གཅོད་བྱེད་བཞིན་པ་ཡིན།

མཆན། (0)
Share
དྲ་གནས་ཆ་ཚང༌།