མེ་གྷཱ་ལཡ་མངའ་སྡེའི་སྲིད་སྐྱོང་མཆོག་ནས་བོད་དོན་ཐོག་གདུང་སེམས་མཉམ་བསྐྱེད་ཡོད་སྐོར་གསུངས་བ།

0:00 / 0:00

འདི་ཚེས་ ༡༦ ཉིན་ཤེས་ལོངས་ས་གནས་འགོ་འཛིན་པདྨ་དོན་གྲུབ་ལགས་དང་། ཕྱོགས་བཞུགས་སྤྱི་འཐུས་ཚེ་རིང་སྒྲོལ་མ་ལགས། དེ་བཞིན་དགའ་ལྡན་ཆོས་གླིང་དགོན་པའི་མཁན་རིན་པོ་ཆེ་མཆོག་དང་། ས་འཐུས་ཚོགས་གཙོ་བཅས་ནས་མེ་གྷཱ་ལཡ་མངའ་སྡེའི་སྲིད་སྐྱོང་སཏྱ་པཱལ་མ་ལིཀ་མཆོག་དང་མཇལ་འཕྲད་གནང་ཡོད་པ་དང་། སྐབས་དེར་ཕྱོགས་བཞུགས་སྤྱི་འཐུས་ཚེ་རིང་སྒྲོལ་མ་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་སྲིད་སྐྱོང་མཆོག་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། སླེབས་ལ་ཉེ་བའི་ཕྱི་ཟླ་གསུམ་པའི་གྲོས་ཚོགས་སྐོར་དང་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་གནང་ཡོད་པ་མ་ཟད་ས་གནས་འགོ་འཛིན་མཆོག་ནས་བོད་དང་རྒྱ་གར་དབར་ལོ་རྒྱུས་ཀྱི་ཐོག་ནས་ཆོས་ཕྱོགས་ཀྱི་འབྲེལ་བའི་སྐོར་དང་བོད་མིའི་རང་དབང་སླར་གསོའི་ཆེད་དུ་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་ཞུས་པ་བཞིན་སྲིད་སྐྱོང་མཆོག་ནས་ཀྱང་བོད་མིའི་རྩ་དོན་ཐོག་གདུང་སེམས་མཉམ་བསྐྱེད་དང་སེམས་ཁུར་ཤུགས་ཆེ་འདོན་གནང་ཡོད་པ་ཤེས་ལོངས་ས་གནས་འགོ་འཛིན་པདྨ་དོན་གྲུབ་ལགས་ཀྱི་གསུངས་ཀྱི་འདུག
ཡང་ས་གནས་འགོ་འཛིན་མཆོག་ནས་མུ་མཐུད་གསུངས་ཡག་ལ་རྒྱ་གར་གཞུང་དམངས་གཉིས་ནི་བོད་མིར་ཧ་ལས་པའི་བཀྲིན་ཆེན་པོ་ཆགས་ཀྱི་ཡོད་དུས་ཁོང་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཞིག་ཡིན་པས་ཆ་ནས་དུས་ནས་དུས་སུ་ས་གནས་ཀྱི་གནད་ཡོད་མི་སྣ་དང་དཔོན་རིགས་ཁག་ལ་ཐུགས་རྗེ་ཆེ་ཞུ་ཆེད་འབྲེལ་ཡོད་ལས་ཁུངས་སུ་བཅར་གྱི་ཡོད་པ་བཞིན་ད་རེས་ཡང་ཁོང་ནས་མངའ་སྡེའི་སྲིད་སྐྱོང་མཆོག་ལ་ཐུགས་རྗེ་ཆེ་ཞུ་ཆེད་བཅར་པ་ཡིན་ཞེས་གསུངས་ཀྱི་འདུག
དེ་བཞིན་ས་གནས་འགོ་འཛིན་མཆོག་གི་མངའ་སྡེའི་སྲིད་སྐྱོང་མཆོག་ལ་དབུ་མའི་ལམ་གྱི་བྱུང་རིམ་དང་རྒྱབ་ལྗོངས་སོགས་ངོ་སྤྲོད་གནང་ཡོད་པ་མ་ཟད་ཁོང་ནས་བོད་དེ་རང་དབང་ཡིན་པས་གནས་སྐབས་སུ་རྒྱ་དཀར་ནག་གཉིས་དབར་རྩོད་རྙོག་རིགས་གང་ཡང་མེད་པ་དང་ད་ཆ་བོད་དེ་རྒྱ་ནག་གི་བཙན་བཟུང་བྱས་པའི་རྗེས་རྒྱ་དཀར་ནག་གཉིས་དབར་ས་མཚམས་ཐོག་རྩོད་རྙོག་མང་པོ་ཞིག་ཡོང་བཞིན་ཡོད་དུས་བོད་དེ་སླར་ཡང་ཞི་བའི་བསྟི་གནས་ཞིག་ཡོང་ཐབས་སུ་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་ཡོད་སྐོར་གསུངས་སོང་།
ཡང་ཤེས་ལོངས་ས་གནས་སུ་ཕྱི་ལོ་ ༢༠༡༨ ལོ་ནས་འགོ་བཙུགས་ཀྱི་དགོན་པ་དང་རིག་གཞུང་བསྟི་གནས་ཁང་ཞིག་གསར་རྒྱག་གནང་བཞིན་ཡོད་པ་དེ་ཡང་གཙོ་བོ་༸སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༡༤ ལོར་ས་གནས་སུ་ཆིབས་སྒྱུར་བཀྲིན་སྐྱངས་སྐབས་ས་གནས་མང་ཚོགས་ལ་ཕན་ཐོག་སྒྲུབ་པའི་ཆེད་དུ་ནང་ཆོས་བསྟི་གནས་ཁང་ཞིག་བཞེངས་རྒྱུའི་བཀའ་ཕེབས་པ་བཞིན་ད་ལྟ་རིག་གཞུང་བསྟི་གནས་ཁང་གསར་རྒྱག་གྱི་ལས་གཞི་འགྲོ་བཞིན་ཡོད་པ་རེད་འདུག
མེ་གྷཱ་ལཡ་མངའ་སྡེའི་རྒྱལ་ས་ཤེས་ལོངས་ནང་བོད་མི་གནས་སྡོད་བྱེད་མཁན་ ༥༠༠ ཙམ་ཡོད་པ་དང་ཁོང་ཚོའི་འཚོ་བའི་རྟེན་གཞི་གཙོ་བོ་ནི་བོད་མི་རྒྱ་ཆ་ ༧༠ ཚོང་ལས་དང་རྒྱ་ཆ་༣༠ ཟ་ཁང་གཉེར་ནས་འཚོ་བ་སྐྱེལ་བཞིན་ཡོད་འདུག དེ་བཞིན་ས་གནས་སུ་གཞུང་འབྲེལ་དང་གཞུང་འབྲེལ་མིན་པས་ཚོགས་པ་ཆ་ཚང་བ་ཞིག་ཡོད་པ་མ་ཟད་སམ་བྷོ་ཊའི་ཁྱབ་ཁོངས་སྔོན་འགྲོའི་འཛིན་གྲ་ནས་འཛིན་རིམ་ ༣ དབར་ཡོད་འདུག།
གསར་འགོད་པ། པ་སངས་ཚེ་རིང་།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།