ད་ལོར་བོད་ནང་ཞོ་སྟོན་གྱི་བྱེད་སྒོ་ཁག་ཅིག་ཉུང་དུ་བཏང་འདུག


2020-08-19
Share
ལྷ་སའི་འབྲས་སྤུངས་ཞོ་སྟོན་སྐབས། ༢༠༢༠།༨།༡༨ ལྷ་སའི་འབྲས་སྤུངས་ཞོ་སྟོན་སྐབས། ༢༠༢༠།༨།༡༨
བོད་འབྱོར།

རྒྱ་ནག་གཞུང་གིས་ཏོག་དབྱིབས་གསར་བའི་ནད་ཡམས་རྒྱུ་མཚན་དུ་བཀོད་ནས་བོད་ནང་ཞོ་སྟོན་གྱི་བྱེད་སྒོ་ཁག་ཅིག་ཉུང་དུ་བཏང་འདུག
ཕྱི་ལོ་༢༠༢༠་ལོའི་བོད་ཀྱི་ཞོ་སྟོན་དུས་ཆེན་དེ་བཞིན་བོད་ཟླ་དྲུག་པའི་གནམ་གང་དང་། ཕྱི་ཟླ་ ༨ ་ཚེས་ ༡༩ ་ནས་འགོ་ཚུགས་ཤིང་། རྒྱ་ནག་གཞུང་གི་ཡིག་ཆའི་ནང་ཀྲུང་གོའི་ལྷ་སའི་ཞོ་སྟོན་ཞེས་མིང་འདོགས་བྱས་འདུག་ལ། ཞོ་སྟོན་གྱི་སྲོལ་རྒྱུན་བྱེད་སྒོ་མང་དག་ཞིག་མེད་པ་བཟོས་པ་དང་འགྱུར་བ་བཏང་བ་ཀྲུང་གོ་ལྷ་སའི་ཞོ་སྟོན་སྒྲིག་འཛུགས་ཨུ་ལྷན་གཞུང་ལས་ཁང་ཞེས་པས་ཕྱི་ཟླ་ ༨ ་ཚེས་ ༡༧ ་ཉིན་གསལ་བསྒྲགས་བྱས་འདུག
གསལ་བསྒྲགས་དེའི་ནང་། ཀོ་ཝིཌ་༡༩་ཏོག་དབྱིབས་རིམས་ནད་འགོག་ཟོན་དང་ཚོད་འཛིན་བྱ་རྒྱུར་དམིགས་ནས་མི་འདུ་འཛོམས་བྱེད་ས་ཉུང་དུ་བཏང་བ་དང་། ཞོ་སྟོན་བྱེད་སྒོ་འགའ་ཤས་ལ་འགྱུར་བ་བཏང་ལུགས་བཀོད་འདུག་ཅིང་། དཔེར་ན་ལྷ་ས་ནོར་བུ་གླིང་ཁར་གཉེར་རྒྱུའི་ལྷ་མོ་འཁྲབ་སྟོན་གྱི་འགྲན་བསྡུར་དེ་མེད་པར་བཟོས་ནས་ཕྱི་ཟླ་ ༨ ་ཚེས་ ༡༩ ་ཉིན་རིག་རྩལ་འཁྲབ་སྟོན་ཙམ་ཞིག་བྱས་འདུག དམངས་ཁྲོད་སྒྱུ་རྩལ་འཁྲབ་སྟོན་བྱ་ཡུལ་དེ་པད་ནག་ལུང་ཤུར་དང་། སྟག་གདོང་གྲོང་ཚོ། ཆུ་མིག་ལམ་གདམ་རའི་སྤྱི་གླིང་། ཞང་ཞུང་མེ་ཏོག་མཛེས་ལྗོས་ཁུལ་བཅས་སུ་བསྒྱུར་ནས་ཕྱི་ཟླ་ ༨ ་ཚེས་ ༡༩ ་ནས་ ༢༡ ་བར་ཉིན་ལྟར་ཚོུད་ ༢ ་ཉིན་སྤེལ་རྒྱུ་ཡིན་འདུག
རྒྱ་ནག་གཞུང་གི་གསལ་བསྒྲགས་ཡིག་ཆ་དེ་གཞིར་བཟུང་ལྟར་ན། ཞོ་སྟོན་གྱི་དུས་ཆེན་འདི་རྒྱ་ནག་གཞུང་གི་དྲིལ་བསྒྲགས་ཆེད་བེད་སྤྱོད་བྱེད་རྒྱུ་ཡིན་འདུག་པ་དཔེར་ན། ཞོ་སྟོན་དུས་ཆེན་གྱི་སྐབས་ཕོ་བྲང་པོ་ཏཱ་ལའི་ཐང་ཆེན་དུ་པར་རིས་བརྒྱ་དང་ཐེམ་དུད་བརྒྱ། དབུག་སྒྲོལ་འགག་སྒྲོལ་སོགས་ཀྱི་ལས་འགུལ་དང་འབྲེལ་བའི་འགྲེམ་སྟོན་ཞིག་ཀྱང་བྱེད་རྒྱུ་ཡིན་འདུག
ཞོ་སྟོན་ནི་ཆོས་ཕྱོགས་དང་འབྲེལ་བའི་བོད་ཀྱི་དམངས་ཁྲོད་སྲོལ་རྒྱུན་གྱི་དུས་ཆེན་གལ་ཆེ་ཞིག་ཡིན་ཞིང་། ལྷ་སའི་ཉེ་འཁོར་དུ་ཡོད་པ་གདན་ས་འབྲས་སྤུངས་དང་སེ་རྭ་སོགས་སུ་བྲག་རྡོའི་ལྡེབས་ངོས་སུ་སངས་རྒྱས་ཀྱི་གོས་སྐུ་བཀྲམས་གནང་པ་དེར་བོད་མི་ཚོས་སོགས་སུ་མཆོད་མཇལ་དུ་འགྲོ་སྲོལ་ཡོད་ཅིང་། དེ་རྗེས་ཕོ་བྲང་ནོར་བུ་གླིང་ཁར་ལྷ་མོའི་འཁྲབ་སྟོན་བྱེད་པའི་སྐབས་མི་དམངས་ཁྱོན་ཆེ་འདུ་འཛོམས་བྱ་སྲོལ་ཡོད་པ་རེད།
ཞོ་སྟོན་དུས་ཆེན་ནི་དུས་རབས་བཅོ་བདུན་པའི་ནང་༧གོང་ས་ལྔ་པ་ཆེན་པོའི་སྐབས་ནས་དར་བ་ཞིག་ཡིན་ཞིང་། ཕྱི་ལོ་ ༡༩༥༩ ་ལོར་རྒྱ་ནག་གིས་བོད་ཡོངས་སུ་བཙན་བཟུང་མ་བྱས་བར་རིག་གཞུང་སྲོལ་རྒྱུན་གྱི་བྱེད་སྒོ་འདི་མི་ཉམས་རྒྱུན་འཛིན་དང་དར་འཕེལ་བྱུང་ཡོད་པ་རེད།
རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༠ ་ལོའི་བོད་ཀྱི་རྒྱལ་ས་ལྷ་སའི་ཞོ་སྟོན་དུས་ཆེན་གྱི་བྱེད་སྒོ་ཁག་ཅིག་ཉུང་དུ་བཏང་བའི་རྒྱུ་མཚན་ཀོ་ཝིཌ་༡༩་ཏོག་གསར་ནད་ཡམས་དང་འབྲེལ་བ་ཡོད་ལུགས་བརྗོད་བཞིན་ཡོད་ན་ཡང་། བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་ནག་ནས་ཡུལ་སྐོར་བ་དང་ལས་མི་ཧ་ཅང་མང་པོ་ཡོང་གི་ཡོད་པར་བོད་མི་ཚོས་བོད་ནང་རིམས་ནད་ཁྱབ་རྒྱུའི་ཉེན་ཚབས་ཡོད་པར་སེམས་འཚབ་བྱེད་ཀྱི་ཡོད་ཀྱང་། ཡུལ་སྐོར་ཡོང་མཁན་གྱི་གྲངས་ཀར་རྒྱ་ནག་གཞུང་དང་བོད་རང་སྐྱོང་ལྗོངས་སྲིད་གཞུང་ཁག་གིས་ཚོད་འཛིན་བྱེད་ཀྱི་མེད་པ་རེད།
དེ་བཞིན་ཉེ་ཆར་ཆབ་མདོ་བཅིངས་གྲོལ་བཏང་ནས་ལོ་བདུན་ཅུ་འཁོར་བ་ཟེར་བའི་དུས་དྲན་ཞིག་སྨར་ཁམས་ཁུལ་དུ་ཚོགས་པ་དེའི་སྐབས་མི་སྟོང་ཕྲག་མང་པོ་འདུ་འཛོམས་བྱས་ཤིང་། རིམ་ནད་སྔོན་འགོག་གི་ཚོད་འཛིན་ཟེར་བའི་མིང་གི་ཐོག་ནས་ཞོ་སྟོན་དུས་ཆེན་གྱི་བྱེད་སྒོ་ཉུང་དུ་བཏང་བ་ལྟར་བྱས་མེད་པ་གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་བཞིན་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།