སྲིད་སྐྱོང་མཆོག་ཨ་རིའི་ཕོ་བྲང་དཀར་པོའི་ནང་གཞུང་གི་དཔོན་རིགས་དང་མཇལ་འཕྲད་ཐོག་མ།


2020-11-21
Share
སྲིད་སྐྱོང་མཆོག་ཨ་རིའི་ཕོ་བྲང་དཀར་པོའི་ནང་གཞུང་གི་དཔོན་རིགས་དང་མཇལ་འཕྲད་ཐོག་མ། ཨ་རིའི་ཕོ་བྲང་དཀར་པོའི་ནང་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམ་གཉིས།
བྱང་ཨ་རིའི་སྐུ་ཚབ་དོན་ཁང་།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཁ་སང་ཨ་རིའི་ཕོ་བྲང་དཀར་པོའི་ནང་སྲིད་འཛིན་ལས་ཁུངས་ཀྱི་སྐུ་ཚབ་དང་རྒྱལ་སྲུང་ལྷན་ཁང་གི་དཔོན་རིགས་ཁག་གཅིག་དང་ལྷན་མཇལ་འཕྲད་གནང་ཡོད་པ་རེད། འདི་ནི་འོས་བསྡུའི་ལམ་ནས་འདེམས་ཐོན་བྱུང་བའི་བོད་པའི་ཆབ་སྲིད་ཀྱི་དབུ་ཁྲིད་ཅིག་ཕོ་བྲང་དཀར་པོའི་ནང་ཨ་རིའི་གཞུང་གི་དཔོན་རིགས་ལྷན་གཞུང་འབྲེལ་གྱི་མཇལ་འཕྲད་གནང་བ་ཐོག་མ་དེ་ཡིན་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཨ་མི་རི་ཀའི་ཕོ་བྲང་དཀར་པོའི་ནང་ཕྱི་ཟླ་ ༡༡ ཚེས་ ༢༠ ཉིན་མགྲོན་འབོད་བྱུང་བ་ལྟར། སྲིད་འཛིན་ལས་ཁུངས་དང་སྲིད་འཛིན་གཞོན་པའི་ལས་ཁུངས་ཀྱི་སྐུ་ཚབ་ལྷན་མཇལ་ཕྲད་གནང་སྟེ། རྒྱ་ནག་གཞུང་གིས་བོད་ནང་དུ་བོད་མི་ཞིང་འབྲོག་མི་མང་ས་ཡ་ཕྱེད་ཀ་ལྷག་ལ་བཙན་དབང་སྒོ་ནས་ངལ་རྩོལ་གྱི་སྦྱོང་བརྡར་སྤྲོད་དེ་ཤིན་ཅང་ཡུ་གུར་མི་རིགས་ཚོའི་གནས་སྟངས་དང་གཅིག་འགྱུར་བཟོ་གི་ཡོད་པ་དང་། བོད་མིའི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པ་དང་། བོད་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་བཏང་བ། ལྷག་པར་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་ལམ་ལུགས་ནང་རྒྱ་ནག་གཞུང་གིས་ཐེ་བྱུས་བྱེད་ཀྱི་ཡོད་པ་སོགས་བོད་ནང་གི་ད་ལྟའི་ཛ་དྲག་གི་གནད་དོན་ཐོག་བཀའ་མོལ་གནང་ཐུབ་པ་བྱུང་སོང་ཞེས་མཇལ་ཕྲད་གྲུབ་མ་ཐག་སྲིད་སྐྱོང་མཆོག་གིས་ཕོ་བྲང་དཀར་པོའི་ཕྱི་ཕྱོགས་སུ་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་ངོ་སྤྲོད་གནང་འདུག ཨ་མི་རི་ཀའི་བདམས་ཐོན་སྲིད་འཛིན་འཇོ་སྦཡེ་ཌན་གྱི་དབུ་ཁྲིད་འོག་ཨ་མི་རི་ཀའི་གཞུང་འཛིན་ངོས་ནས་རྒྱ་ནག་ཐོག་ལ་སྲིད་བྱུས་གང་འདྲ་འཛིན་མིན་ཐད་བོད་མིའི་ཁྲོད་དུ་བསམ་ཚུལ་འདྲ་མིན་འཛིན་གྱི་ཡོད་ཀྱང་ཨ་མི་རི་ཀའི་གཞུང་དང་གྲོས་ཚོགས་ནས་བོད་ཐོག་ཆབ་སྲིད་ཚོགས་པ་གཉིས་ཟུང་སྦྲེལ་གྱི་རྒྱབ་སྐྱོར་བསྟུད་མར་གནང་སྟེ། ད་བར་བོད་དོན་སྲིད་བྱུས་ཀྱི་ཁྲིམས་ཡིག་དང་། བོད་ནང་ཕར་འགྲོ་ཚུར་འོང་གི་འདྲ་མཉམ་ཐོབ་ཐང་དགོས་པའི་ཁྲིམས་ཡིག་བཅས་སོགས་གཏན་འབེབས་གནང་ཡོད་ལ། བོད་དོན་སྲིད་བྱུས་ཀྱི་བསྐྱར་བཅོས་ཁྲིམས་ཡིག་འདི་མགྱོགས་མྱུར་གཏན་འབེབས་དགོས་པའི་གྲོས་ཚོགས་འོག་མ་ནས་གྲོས་ཆོད་སྣོལ་འཇོག་གནང་ཡོད་པ་རེད།།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎