སྲིད་སྐྱོང་མཆོག་གིས་བྷེལ་ཇམ་ནང་འཚམས་གཟིགས་འགྲུབ་ནས་ཕྱིར་རྒྱ་གར་དུ་ཕེབས་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཡོ་རོབ་བྱང་མའི་སྦལ་ཊིཀ་(Baltic)་མངའ་ཁུལ་གྱི་རྒྱལ་ཁབ་གསུམ་དང་། དེ་བཞིན་ཧྥིན་ལེན་ཌི། དབྱིན་ཡུལ་བཅས་ནང་གི་མཛད་རིམ་ཡོངས་སུ་འགྲུབ་ནས་ཕྱི་ཚེས་༤ཉིན་རྒྱབ་བྷེལ་ཇམ་(Belgium)་ཁུལ་དུ་ཕེབས་ཡོད་པ་དང་། སྐབས་དེར་གནམ་ཐང་དུ་བྷེལ་ཇམ་སྐུ་ཚབ་དོན་གཅོད་དང་ས་གནས་མི་མང་གིས་ཕེབས་བསུ་ཞུས་འདུག
བྷལ་ཇམ་དུ་སྲིད་སྐྱོང་མཆོག་གིས་ས་གནས་བོད་མི་མང་ཚོགས་ལ་མཇལ་འཕྲད་གནང་སྟེ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དང་བཀའ་ཤག་སྐབས་༡༦པའི་བོད་དོན་དཀའ་རྙོག་སེལ་ཐབས་ཀྱི་ཐབས་བྱུས་སོགས་ཀྱི་སྐོར་ངོ་སྤྲོད་གསུངས་བཤད་གནང་ཡོད་པ་བྷེལ་ཇམ་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དུ་ངོ་སྤྲོད་གནང་བྱུང་།
ད་དུང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བྷེལ་ཇམ་ནང་གི་གྱི་བོད་མི་དྭང་བླངས་ཞུ་གཏུགས་ལས་འགུལ་བ་གཞོན་སྐྱེས་ཚོ་དང་མཉམ་དུ་མཇལ་མོལ་གནང་སྟེ། བོད་དོན་ཆབ་སྲིད་ཀྱི་གནས་བབ་དང་། ལྷག་པར་བོད་མཐོ་སྒང་གི་ཁོར་ཡུག་གནས་སྟངས་ཐོག་ལ་གསུངས་བཤད་གནང་རྗེས་ཚོགས་ཞུགས་པ་རྣམས་ཀྱི་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད་པ་ཁུལ་དེའི་བོད་མིའི་དྭང་བླངས་ཞུ་གཏུག་ལས་འགུལ་བ་བསྟན་འཛིན་དཔལ་སྒྲོན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
སྤྱི་ཚེས་༥ཉིན་གྱི་ཞོགས་པར་སྲིད་སྐྱོང་མཆོག་ཡོ་རོབ་བྷེལ་ཇམ་ནས་རྒྱ་གར་དུ་ཕྱིར་ཕེབས་གནང་ཡོད་འདུག
གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།