སྲིད་སྐྱོང་མཆོག་གིས་བོད་རྒྱ་འབྲེལ་མོལ་སླར་གསོ་ཡོང་བའི་རེ་བ་གནང་བཞིན་འདུག

2021-06-18
Share
སྲིད་སྐྱོང་མཆོག་གིས་བོད་རྒྱ་འབྲེལ་མོལ་སླར་གསོ་ཡོང་བའི་རེ་བ་གནང་བཞིན་འདུག སྲིད་སྐྱོང་སྤེན་པ་ཚེ་རིང་ལགས། ༥།༢༧།༢༡
AP

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་བོད་རྒྱ་འབྲེལ་མོལ་སླར་གསོ་ཡོང་རྒྱུའི་ཐུགས་རེ་གནང་གི་ཡོད་པ་གསུངས་འདུག
དེ་ཡང་ཕྱི་ཚེས་༡༧་ཉིན་(AP)་གསར་ལས་ཁང་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ་བཅར་འདྲི་བྱས་ཡོད་པའི་ནང་། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་བོད་རྒྱ་འབྲེལ་མོལ་སླར་གསོ་ཡོང་རྒྱུར་རང་ནུས་གང་ཡོད་ཀྱིས་འབད་བརྩོན་ལྷོད་མེད་ཞུ་རྒྱུ་དང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ནང་དུ་༧ཞབས་སོར་འཁོད་གནང་ཐུབ་ཚེ་བོད་རྒྱའི་དཀའ་གནད་སེལ་རྒྱུར་གལ་འགངས་ཆེ་བའི་གོམ་སྟབས་ཤིག་ཆགས་རྒྱུ་ཡིན་པ་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ནང་༧ཞབས་སོར་འཁོད་རྒྱུའི་འདུན་པ་གནང་གི་ཡོད་པ་བཞིན། སྲིད་སྐྱོང་མཆོག་གིས་༧གོང་ས་མཆོག་གི་དགོངས་འདུན་འགྲུབ་རྒྱུར་རང་ནུས་གང་ཡོད་ཀྱི་འབད་བརྩོན་གནང་རྒྱུ་ཡིན་ཞེས་གསུངས་ཡོད་འདུག
རྒྱ་ནག་གཞུང་གིས་བོད་མིའི་སྒྲིག་འཛུགས་ཁས་ལེན་མ་བྱས་པའི་འོག ཕྱི་ལོ་༢༠༡༠་ལོའི་གོང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་གྲོས་མོལ་ཐེངས་༩་ཙམ་བྱས་ཡོད་ཀྱང་དོན་འབྲས་སོན་མེད་པའི་ཁར། ཕྱི་ལོ་༢༠༡༠་ལོའི་རྗེས་བོད་རྒྱ་འབྲེལ་མོལ་མཚམས་ཆད་པའི་གནས་སྟངས་ཆགས་ཡོད་པ་རེད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་དེ་རྒྱ་ནག་ནས་ཁ་བྲལ་གཏོང་གི་ཡོད་ལུགས་ རྒྱ་ནག་གཞུང་གིས་སྐྱོན་འཛུགས་བྱེད་ཀྱི་ཡོད་པ་དང་། ཡིན་ནའི་༧གོང་ས་མཆོག་གིས་ག་དུས་ཡིན་ན་ཡང་ལམ་དབུ་མའི་ཐབས་ལམ་གྱི་ཐོག་ནས་ཕྱོགས་གཉིས་ཀར་ཁེ་ཕན་ཡོད་པའི་ཐབས་ལམ་ཤིག་འཛིན་གནང་ཏེ། བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་ཐོབ་ཐང་བསྐྲུན་ཐབས་གནང་གི་ཡོད་པ་དང་། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་༧གོང་ས་མཆོག་གི་བཞེངས་ཕྱོགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་བཞིན་ཡོད་ཅེས་(AP)་གསར་ཁང་གི་བཅར་འདྲིར་ལན་འདེབས་གནང་འདུག
ད་དུང་བཅར་འདྲིའི་ནང་། སྲིད་སྐྱོང་མཆོག་ནས་རྒྱ་ནག་གཞུང་གིས་ལམ་དབུ་མའི་ཐབས་ལམ་ཐོག་ནས་བོད་མི་ཚོར་རང་སྲིད་རང་སྐྱོང་གི་ཐོབ་ཐང་སྤྲོད་དགོས་པ་དང་། བོད་མི་ཚོར་རང་ཉིད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཐུབ་པའི་ཆ་རྐྱེན་བསྐྲུན་དགོས་པ། དེས་ཕྱོགས་གཉིས་བར་འབྲེལ་མོལ་སླར་གསོ་ཡོང་རྒྱུར་བཟང་ཕྱོགས་ཀྱི་ནུས་པ་བཏོན་ཐུབ་རྒྱུ་ཡིན་པའི་སྐོར་སོགས་གསུངས་ཡོད་པ་དང་། ད་དུང་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གིས་བོད་མིའི་སྐད་ཡིག་དང་རིག་གཞུང་ལ་ཚད་བཀག་བཟོ་བཞིན་པའི་ཐད་སྐྱོན་བརྗོད་གནང་ཡོད་པ་མ་ཟད། ལྷག་པར་དུ་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོས་༧གོང་ས་མཆོག་ལ་དད་གུས་ཞུ་རྒྱུར་བཀག་སྡོམ་ཤུགས་ཆེ་བྱེད་བཞིན་པ་སོགས་བོད་དེ་བཞིན་རྒྱ་ནག་ཅན་དུ་བསྒྱུར་རྒྱུའི་སྲིད་ཇུས་འཛིན་བཞིན་པར་སྐྱོན་བརྗོད་གནང་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།