སྲིད་སྐྱོང་མཆོག་གི་གཟིགས་སྐོར་ཐད་མཐུན་འགྱུར་གནང་རྒྱུ་ཡིན་པ་ཨ་རུ་ན་ཅལ་མངའ་སྡེའི་བློན་ཆེན་གྱིས་གསུངས་ཡོད་འདུག

2021.09.23
སྲིད་སྐྱོང་མཆོག་གི་གཟིགས་སྐོར་ཐད་མཐུན་འགྱུར་གནང་རྒྱུ་ཡིན་པ་ཨ་རུ་ན་ཅལ་མངའ་སྡེའི་བློན་ཆེན་གྱིས་གསུངས་ཡོད་འདུག རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་ལགས།
Pema Khandu/FB

འདི་ཚེས་༢༠་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་སྣེ་ཁྲིད་དེ། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་ཚོགས་ཆུང་ཞིག་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་ལགས་དང་མཇལ་འཕྲད་ཞུས་ཡོད་པ་དང་། སྐབས་དེར་འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་ཁུལ་དུ་མི་རིང་བའི་སྤྱི་ཟླ་༡༠་ཚེས་༡༧་ནས་༢༥་བར་གཞུང་འབྲེལ་འཚམས་གཟིགས་ཕེབས་རྒྱུའི་སྐོར་སྙན་སེང་ཞུས་སྐབས། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས། སྲིད་སྐྱོང་མཆོག་གི་ཨ་རུ་ནཱ་ཅལ་ཁུལ་གྱི་འཚམས་གཟིགས་དང་འབྲེལ་བའི་ཐད་མངའ་སྡེ་གཞུང་ཕྱོགས་ནས་མཐུན་འགྱུར་རོགས་རམ་གང་ཐུབ་གནང་རྒྱུའི་ཞལ་བཞེས་གནང་པ་འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བཅར་འདྲི་སྐབས་ཞལ་པར་བརྒྱུད་གསུངས་བྱུང་།
ད་དུང་ཁོང་གིས་གསུངས་ན། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་ཀྱིས་བོད་དང་མོན་བར་ལོ་རྒྱུས་ཐོག་ནས་ཆོས་དང་རིག་གཞུང་གི་འབྲེལ་བ་དམ་ཟབ་ཡོད་པ་དང་། ལྷག་པར་དུ་མོན་ཁུལ་གྱི་ནང་པའི་ཡུལ་མི་ཚོས་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཆེན་པོ་གནང་གྱི་ཡོད་པར་སོང་། ད་རེས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ས་གནས་སུ་ཕེབས་ཀྱི་ཡོད་པ་དེ་གནད་འགག་ཆེན་པོར་རྩིས་པའི་ཐོག་མཐུན་འགྱུར་གང་ཐུབ་གནང་རྒྱུའི་གྲ་སྒྲིག་ཡོད་སྐོར་གསུངས་ཡོད་འདུག
ཡང་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས། ད་རེས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་རྒྱ་གར་དང་བོད་ཀྱི་ས་མཚམས་མོན་རྟ་དབང་ཁུལ་དུ་གཞུང་འབྲེལ་འཚམས་གཟིགས་དང་སྟབས་བསྟུན་འཕགས་བོད་འབྲེལ་མཐུད་ལས་ཁང་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་མཉམ་རུབ་ཐོག་ད་བར་རྒྱ་ནག་གཞུང་ཕྱོགས་ནས་ཨ་རུ་ན་ཅལ་དེ་བཞིན་བོད་ཀྱི་ལྷོ་ཁུལ་གྱི་ས་ཁུལ་ཞིག་ཡིན་པ་ལོག་བཤད་བྱེད་བཞིན་པ་དེ་ལ་བརྡ་ལན་གསལ་པོ་སྤྲོད་ཐུབ་རྒྱུ་དང་། རྒྱ་གར་གཞུང་ལ་ཡང་ད་བར་བོད་ཐོག་འཛིན་པའི་སྲིད་བྱུས་ཐོག་འགྱུར་བ་གཏོང་རྒྱུའི་ཁོར་ཡུག་ཞིག་བསྐྲུན་ཆེད་ལས་འཆར་སྣེ་མང་ཞིག་སྤེལ་གནང་རྒྱུ་ཡིན་སྐོར་གསུངས་བྱུང་།
མི་རིང་བར་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་རྒྱ་གར་བྱང་ཤར་ཁུལ་གྱི་བཙན་བྱོལ་བོད་མིའི་གཞིས་ཆགས་བསྟན་འཛིན་སྒང་། འབུམ་སྡེ་ལ། མེ་འོ་ཆོས་འཕེལ་གླིང་། ཏི་རྫུ་དར་རྒྱས་གླིང་། ཀྲུ་ཀྲིང་། མོན་རྟ་དབང་དང་ལྡི་མ་པུར་བཅས་སུ་འཚམས་གཟིགས་དང་། ཁུལ་དེར་གནས་སྡོད་བོད་རིགས་མང་ཚོགས་ལ་བཀའ་སློབ་གནང་རྒྱུ་སོགས་ཀྱི་མཛད་འཆར་ཡོད་པ་རེད་འདུག

གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎