ཨ་སྐྱོང་ཇོ་ནང་དགོན་ནང་ཆོས་དད་ལ་དམ་བསྒྲགས།
2012.02.27
༄༅༎བོད་མདོ་སྨད་མགོ་ལོག་པདྨ་རྫོང་ནང་ཟླ་བ་༡ཚས་༡༦ནས་རིམ་བཞིན་མང་ཚོགས་ཀྱི་ངོ་རྒོལ་ཐེངས་འགའ་ཤས་མུ་མཐུད་བྱུང་རྗེས། ཚེས་༡༨ནས་བཟུང་ཨ་སྐྱོང་ཇོ་ནང་དགོན་པའི་ནང་རྒྱ་མིས་ཆོས་ལུགས་ཀྱི་བྱེད་སྒོ་གཅིག་ཀྱང་སྤེལ་མ་ཆོག་པའི་བཙན་བཀའ་བཏང་ཡོད་པར་བརྟེན། ཕྱི་ཚེས་༡༨ནས་བཟུང་དགོན་པའི་དགེ་འདུན་པ་མང་པོ་ཞིག་རི་སྒང་དུ་བྲོས་བྱོལ་ལ་ཕེབས་དགོས་ཐུག་ཡོད་པ་རེད།
བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་གནང་བའི་གནས་ཚུལ་ནང༌། ཕྱི་ཟླ་༡་ཚེས་༡༦ནས་བཟུང་ཁུལ་དེར་ཞི་བའི་ངོ་རྒོལ་རབ་དང་རིམ་པ་བྱུང་ཡོད་ཅིང༌། སྐབས་དེར་ས་གནས་རྒྱ་མིའི་ཉེན་རྟོག་པ་དང༌དམག་མིས་མང་ཚོགས་ཐོག་བཙན་གནོན་དང་གཅར་རྡུང༌། འཛིན་བཟུང་བྱས་པ་སོགས་ཀྱི་གནས་ཚུལ་ཛ་དྲག་བྱུང་ཡོད་པ་དང༌། ལྷག་པར་དུ་ཕྱི་ཚེས་༡༨ནས་བཟུང་ཨ་སྐྱོང་ཇོ་ནང་དགོན་པའི་ནང་ཆོས་ལུགས་ཀྱི་བྱེད་སྒོ་གཅིག་ཀྱང་སྤེལ་མི་ཆོག་པའི་བཙན་བཀའ་བཏང་སྟེ། ད་བར་དགོན་པའི་ནང་དུད་མཆོད་སོགས་གཅིག་ཀྱང་འཚོགས་མ་ཐུབ་པ་མ་ཟད། དགོན་པའི་དགེ་འདུན་པ་མང་པོ་ཞིག་ཕྱི་ཟླ་༡ཚེས་༡༨ནས་བཟུང་རིའི་འགོར་བྲོས་བྱོལ་དུ་ཕེབས་དགོས་ཆགས་ཡོད་པ་རེད། སྤྱིར་ཨ་སྐྱོང་དགོན་པར་མཚོན་ན། ལོ་ལྟར་བོད་ཟླ་༡༢པའི་ནང་ཉིན་དགུའི་རིང་ཕུར་པའམ། དཔལ་ཆེན་རྡོ་གཞོན་ནུའི་སྒོ་ནས་སྒྲུབ་མཆོད་གལ་ཆེ་ཞིག་ཚོགས་སྲོལ་ཡོད་པ་དེ་ནི་དགོན་པ་དེ་དང་ས་གནས་དེའི་དུས་མཆོད་གལ་ཆེ་ཤོས་ཤིག་ཡིན་པ་རེད། དུས་མཆོད་དེ་གྲུབ་མཚམས་དགུ་གཏོར་ཞེས་བོད་ཚེས་༢༨དང་༢༩གཉིས་ལ་དགོན་པར་ཕུར་བ་ཁྲོ་བཅུའི་གར་འཆམ། དེ་བཞིན་བོད་ཀྱི་ལྷ་མོ་དྲི་མེད་ཀུན་ལྡན་དང༌། འགྲོ་བ་བཟང་མོ། གླིང་སྒྲུང་རྟ་རྒྱུག་རྒྱལ་འཇོག། ཧོང་གླིང་གཡུལ་འགྱེད་སོགས་འཁྲོབ་སྟོན་གནང་གི་ཡོད་པ་དང༌། གར་འཆམ་དང་ཟློས་གར་སོགས་གཟིགས་པར་མི་མང་ལྔ་སྟོང་ལྷག་འདུ་འཛོམས་བྱ་སྲོལ་ཡོད་པ་རེད། འོན་ཀྱང་རྒྱ་མིའི་དམ་དྲག་གི་རྐྱེན་པས་དགུ་གཏོར་དང༌། གར་འཆམ་སོགས་གང་ཡང་ཚུགས་ཐུབ་མེད་པར་བརྟེན། ས་གནས་བོད་རིགས་མང་ཚོགས་ཚོས་གནས་ཆུལ་དེར་བློ་འགྱོད་ཆེན་པོ་གནང་བཞིན་ཡོད་པའི་གནས་ཚུལ་འདུག།