ཨ་རིའི་གཞུང་ནས་བོད་མིའི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱ་རྒྱུར་རྒྱབ་སྐྱོར་ཞུ་ཡི་ཡོད།

2021-07-29
Share
ཨ་རིའི་གཞུང་ནས་བོད་མིའི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱ་རྒྱུར་རྒྱབ་སྐྱོར་ཞུ་ཡི་ཡོད། ཨ་རིའི་ཕྱི་སྲིད་ལས་ཁུངས།
ཨེ་ཨེཕ་པི།

ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken མཆོག་གིས་ཕྱི་ཟླ་ ༧ ཚེས་ ༢༨ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་༧གོང་ས་མཆོག་གི་ལྡི་ལི་སྐུ་ཚབ་དོན་གཅོད་དང་མཇལ་འཕྲད་གནང་པའི་ཐད་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་ཨ་རིའི་གཞུང་གི་བྱ་སྤྱོད་འདི་ནི་ཨ་རི་རང་ཉིད་ཀྱིས་བོད་རྒྱ་ཁོངས་ཡིན་པ་ཁས་ལེན་བྱེད་པ་དང་འགལ་བ་ཡིན་པ་བརྗོད་དེ་སྐྱོན་བརྗོད་བྱས་འདུག

འོན་ཀྱང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་ཕྱི་ཚེས་ ༢༨ ཉིན་ཡིག་ཐོག་བཀའ་ལན་ཞིག་གནང་བྱུང་བ་དེའི་ནང་།  ཨ་རིའི་གཞུང་གི་ངོས་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་ཐེ་བས་མི་རིགས་ཡོངས་རྫོགས་གཅིག་འགྱུར་འབྱུང་ཐབས་ཐད་ཐུགས་འཁུར་ཆེ་བཞེས་གནང་བཞིན་པར་གུས་བརྩི་གཏིང་ཟབ་ཞུ་བཞིན་ཡོད་ཅེས་དང་། དེ་བཞིན་ཨ་རིའི་གཞུང་གིས་བོད་མིའི་ཆོས་དད་རང་དབང་དང་། དེ་བཞིན་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་གི་ངོ་བོ་བཅས་སྲུང་སྐྱོབ་བྱ་རྒྱུར་རྒྱབ་སྐྱོར་ཞུ་གི་ཡོད་ཅེས་བཀོད་འདུག  ལྷག་པར་དུ་ཨ་རིའི་གཞུང་གིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་དབུས་བོད་ཀྱི་བླ་སྤྲུལ་རྣམ་པའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་དང་། དེ་དག་ལ་སྐུ་ཡོན་གསན་སྦྱོང་འབུལ་རྒྱུ། དེ་བཞིན་གུས་བཀུར་ཞུ་ཕྱོགས་སོགས་ལ་སྲིད་གཞུང་གི་ཐེ་བྱུས་མེད་པར་བོད་མི་རང་ཉིད་ཀྱི་ལམ་ལུགས་ལྟར་བྱེད་པའི་ཐོབ་ཐང་དགོས་རྒྱུར་བརྩི་བཀུར་གནང་གི་ཡོད་པ་གསུངས་འདུག

ཡང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གིས།  ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་མགྱོགས་མྱུར་གནང་འཆར་ཡོད་མིན་བཀའ་འདྲི་ཞུས་པར། འདིའི་ཐད་ད་ལྟའི་ཆར་ཞིབ་ཕྲ་གང་ཡང་གསལ་བཤད་གནང་རྒྱུ་མེད་པ་ལན་འདེབས་གནང་བྱུང་།

རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ ཀྲའོ་ལི་ཇིཡན་གྱིས་ཕྱི་ཚེས་ ༢༩ ཉིན་པེ་ཅིང་དུ་འཚོགས་པའི་འཆར་ཅན་གྱི་གསར་འགོད་ལྷན་ཚོགས་ཐོག་པེ་ཅིང་གཞོན་ནུའི་ཉིན་རེའི་ཚགས་པར་ Beijing Youth Daily ཟེར་བ་རྒྱ་ནག་དམར་ཤོག་ཚོགས་པའི་གཞུང་འབྲེལ་ཚགས་པར་ལས་ཁུངས་ཀྱི་གསར་འགོད་པ་ཞིག་གིས་དྲི་བར་ལན་འདེབས་བྱས་སྐབས། ཕྱིའི་རྒྱལ་ཁབ་ཀྱི་དཔོིན་རིགས་སུ་འདྲ་ཞིག་གིས་ཀྱང་ཏཱ་ལའི་བླ་མ་དང་འབྲེལ་བ་བྱས་ན་དེར་རྒྱ་ནག་གི་ངོས་ནས་མཐའ་ཅིག་ཏུ་ངོ་རྒོལ་ཡོད་པ་བརྗོད་འདུག

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བོད་རང་བཙན་རྩོད་ལེན་གནང་གི་མེད་པ་དང་། དབུ་མའི་ལམ་གྱི་ཐབས་ལམ་གྱི་ཐོག་ནས་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྐྱོང་དགོས་པ་བཀའ་གནང་གི་ཡོད་ལ། ཐབས་ལམ་དེའི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་བྱ་རྒྱུ་ནི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཏན་ལ་ཕབ་པའི་སྲིད་བྱུས་ཀྱང་ཡིན་པ་རེད།

ཨ་མི་རི་ཀའི་གཞུང་ནས་ཀྱང་བོད་རང་བཙན་དགོས་པ་བརྗོད་ཀྱི་མེད་ཅིང་། བོད་ཀྱི་དཀའ་རྙོག་སེལ་ཐབས་སུ་རྒྱ་ནག་གཞུང་གི་ངོས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་གནང་དགོས་པའི་སྐུལ་མ་གནང་བཞིན་ཡོད་པ་རེད།།

གསར་འགོད་པ། སྐལ་ལྡན་བློ་གྲོས། བསྟན་འཛིན་བདེ་སྐྱིད།

རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།

དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།

དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།